མཚོ་སྔོན་གྱིས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་བཏོད་དེ“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་ཡག་པོ་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

སྟོན་ཟླ་དགུ་པར་ས་མཐོའི་ས་གཞི་ཆེ་མོའི་གང་སར་སྟོན་དུས་ཀྱི་རྣམ་པ་མངོན།གཙང་པོ་དང་ཙོང་ཆུའི་གཤོངས་ས་ནས་ཚྭ་འདམ་གཤོངས་ས་བར་དང་།གཙང་གསུམ་ཆུ་འགོ་ནས་མདོ་ལ་རིང་མོའི་ལྷོ་འདབས་བར་གྱི་ཡངས་ཤིང་རྒྱ་ཆེ་བའི་ཞིང་ཁའི་གྲོ་ཟས་ཀྱི་དྲི་ཞིམ་འཐུལ་ཞིང་།ནགས་རི་དང་གཙང་པོ་དང་མཚེའུ་ཡིས་ཁེངས་ཡོད།

“གཙང་གསུམ་ཆུ་འགོ”དང“ཀྲུང་ཧྭའི་ཆུ་མཛོད”མཚོ་སྔོན་གྱི་སྣོད་བཅུད་གནས་བབ་མངོན་གསལ་དོད་པ་དེ་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་དང་མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་ཞིག་རེད།མཚོ་བོད་ས་མཐོ་འདི་ཉིད་སྣོད་བཅུད་ཤེས་དཔལ་གྱི་མཐོ་སར་འཛུགས་སྐྲུན་བྱ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་དཀྲིས་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དང་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་།2016ལོ་དང་།2021ལོ།2024ལོ་བཅས་མཚོ་སྔོན་དུ་གཟིགས་ཞིབ་ཐེངས་གསུམ་གནང་བ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ནས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་།“མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྣོད་བཅུད་ལ་གནས་པ་དང་།    འགན་འཁྲི་ཆེ་ཤོས་ནི་སྣོད་བཅུད་ལ་གནས་པ།    མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྣོད་བཅུད་ལ་གནས་པ”བཅས་ཀྱི་ཞིང་ཆེན་གྱི་གནས་ཚུལ་ཁ་གསལ་བཟོས་པ་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་འཐབ་ཇུས་གནས་བབ་དང་འཕེལ་རྒྱས་གནས་བབ་གཟིགས་རྒྱང་རིང་བའི་སྒོ་ནས་བསྟན་པ་རེད།    

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན་”བློ་ལ་བརྟན་པོར་ངེས་པ་དང་།“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“དེ་བས་གལ་ཆེན་གསུམ”གྱི་འཐབ་ཇུས་གནས་བབ་སྟངས་འཛིན་ནན་པོ་བྱེད་པ།ཕྱོགས་ཡོངས་དང་།བརྒྱུད་རིམ་ཧྲིལ་པོ།ས་ཁོངས་ཀྱི་མ་ལག་བཅས་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།སྣོད་བཅུད་སྲུང་སྐྱོང་གི་འདུ་འགོད་གལ་ཆེན་ལག་བསྟར་ཤུགས་ཆེན་བྱེད་པ།འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཕྱོགས་སྒྱུར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ།ཁོར་ཡུག་བཅོས་སྐྱོང་ནུས་པ་དང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ།སྣོད་བཅུད་ཤེས་དཔལ་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ལས་དོན་ཁག་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པ་བྱས་ནས་ས་མཐོའི་གནམ་དེ་བས་སྔོ་བ་དང་།    ཆུ་མོ་དེ་བས་གཙང་བ།    རི་བོ་དེ་བས་སྔོ་བ།    མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོ་ཞིག་སྤོ་ཐུབ་པ་བྱེད་དགོས།    

རང་བྱུང་ལ་བརྩི་འཇོག་དང་རང་བྱུང་སྲུང་སྐྱོང་།

སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་སྲ་བརྟན་དུ་བཏང་།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པའི་མཛུབ་ཁྲིད་འོག་མཚོ་སྔོན་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་གཏིང་ཟབ་ཞུགས་པ་དང་།《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་མཐོ་ས་འཛུགས་སྐྱོང་སྲོལ་ཡིག》དང་དེ་བཞིན་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པའི་བྱ་སྤྱོད་ཇུས་གཞི་དང་སྤྱིའི་འཆར་འགོད་བཏོན་ནས།ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་ལེན་གྱི་མཐོ་ས་གསར་པ་གཏོད་རྒྱུ་སྤྱི་འདོམས་སུ་བྱས་ཏེ།སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་མཐོ་ས་གསར་པ་དང་།    ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་གསར་པ།    རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་མཐོ་ས་གསར་པ་སོགས་ཀྱི“མཐོ་ས་གསར་པ་བདུན”གྱི་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་།    སྣོད་བཅུད་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྐྲུན་པའི་ཐད་སྤྱོད་གོ་ཆོད་པའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཡོད།    

སྟོན་འགོའི་དུས་སུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་ཕན་ལམ་ཆུ་མཛོད་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་སྲུང་སྐྱོང་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་དུ་སླེབས་སྐབས་དེ་སྔའི་གྲམ་ཐང་དེ་སྔོ་ལྗང་རྩྭ་ཐང་དུ་གྱུར་པ་དང་སྣོད་བཅུད་ཞི་ལྷོད་ཁུལ་དུ་སྔོ་ལྗང་དང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་སྣོད་བཅུད་ཆུ་ལམ་དུ་ཆུ་རྒྱུན་ལྷུང་ལྷུང་དུ་འབབ་པ་མཐོང་རྒྱུ་ཡོད།“རྣམ་གྲངས་འཛུགས་སྐྲུན་གྱིས་ཉེ་འགྲམ་གྱི་གྲོང་ཚོ་གསུམ་ལ་བཙོག་ཆུའི་མདོང་ལམ་དང་ལེ་ལག་ཚང་བའི་སྒྲིག་བཀོད་གསར་སྐྲུན་བྱ་རྒྱུ་མ་ཟད།བར་ཆོད་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་ཉམས་གསོ་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད་ཆུའི་སྣོད་བཅུད་མ་ལག་གི་གྲུབ་ཆ་དང་ནུས་པ་སླར་གསོ་བྱས་ཏེ་ཆུ་མཛོད་ཁུལ་གྱི་སྣོད་བཅུད་མ་ལག་གི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད”ཅེས་ཙོང་ཆུ་ཁུལ་སྣོད་བཅུད་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་མཱ་ཁྲེང་ལུང་གིས་བཤད།

ཕན་ཏའོ་ཆུ་མཛོད་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་རྣམ་གྲངས་ནི་མཚོ་སྔོན་ཞིང་ཆེན་གྱི་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་ཡོལ་ཁུལ་ཤར་རྒྱུད་ཀྱི་ཙོང་ཆུ་རྒྱུག་ཁུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭའི་རྣམ་གྲངས་151ནང་གི་གཅིག་ཡིན་པ་རེད།མཚོ་སྔོན་གྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་དང་།བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྔ་རྗེས་སུ་གཙང་གསུམ་ཆུ་འགོ་དང་།མདོ་ལ་རིང་མོ།མཚོ་སྔོན་པོ་སྐོར་བ།ཙོང་ཆུ་རྒྱུག་ཁུལ་དང་ཚྭ་འདམ་གཤོང་ས་སོགས“སྣོད་བཅུད་ལེབ་ཆེན་པོ་ལྔ”སྲུང་སྐྱོང་དང་ཉམས་གསོ་བྱས་ནས་སྣོད་བཅུད་མ་ལག་གི་སྤུས་ཚད་དང་བརྟན་པོའི་རང་བཞིན་མུ་མཐུད་མཐོ་རུ་བཏང་ཡོད།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གཙང་འགྲམ་གྱི་ཀོན་ཤུལ་འདམ་རར་སྣོད་བཅུད་ཁོར་ཡུག་ཇེ་ལེགས་སུ་འགྲོ་བ་དང་བསྟུན་ནས་དེ་གར་འཚོ་གནས་བྱེད་པར་ཡོང་བའི་འདབ་ཆགས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་མང་ཤོས་སུ་2000ལྷག་ཙམ་ཡོད་པ་དེ་དག་མཐའ་འཁོར་གྱི་ནགས་ཤིང་དང་རྩྭ་ཆུ་དང་མཉམ་དུ་ཆ་ཚང་ལ་མཛེས་སྡུག་ལྡན་པའི་འདམ་རའི་སྣོད་བཅུད་མ་ལག་ཅིག་ཆགས་ཡོད།ལོ་བདུན་ཅུ་ལྷག་ཙམ་ལ་སླེབས་པའི་ཏང་ཡོན་རྒན་གྲས་རྡོ་རྗེས་ལོ་བཅུ་གྲངས་ཉིན་གཅིག་ལྟར་འོས་འགན་ངང་བྱེའུ་དེ་དག་སྲུང་སྐྱོང་བྱེད་ཀྱི་ཡོད།ཁོ་ཚོ་ནི་ངའི་བྱིས་པ་དང་འདྲ།ཅེས་བཤད།ཁོར་ཡུག་སྲུང་སྐྱོང་གི་དང་བླངས་པ་ཞིག་ཏུ་གྱུར་པ་ནས་ད་བར་ལོ་20ལྷག་ཙམ་རིང་ཁོང་གིས་འདབ་ཆགས་ག་ཚོད་རོགས་སྐྱོབ་བྱེད་མྱོང་ཡོད་པ་གསལ་པོ་ཤེས་ཀྱི་མེད།

སྣོད་བཅུད་སྲུང་སྐྱོང་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ནས“ལྗང་མདོག་ཁྱིམ་གཞི”རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་2022ལོའི་57.9%ནས་58.12%བར་འཕར་བ་དང་།ཐང་རྒོད་ཅན་དང་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་རྒྱུན་མཐུད་ངང་ཆུང་དུ་ཕྱིན་ཡོད།སྟོངས་ལ་ཉེ་བ་དང་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་བརྟན་པོའི་ངང་འཕར་བ་དང་།གཙོད་ཁྲི་7ལྷག་ཙམ་བར་སླར་གསོ་བྱུང་བ།གསའ་གཟིག་གི་ལྟ་ཞིབ་ཚད་ལེན་གྲངས་འབོར་1200ལྷག་ཙམ་ཟིན་པ།མཚོ་སྔོན་པོའི་གསེར་ཉ“སྟོངས་ལ་ཉེ་བའི་སྲོག་ཆགས་རིགས”ནས“ཉེན་ཁ་ཆེ་བའི”སྐྱེ་དངོས་རིགས་སུ་གྱུར་པ།ཐོན་ཁུངས་གསོག་ཚད་ཏུན་ཁྲི་12ལྷག་ཙམ་བར་སླར་གསོ་བྱུང་བ།འདབ་ཆགས་སྣ་ཚོགས་ཁྲི་60ལྷག་ཙམ་ཟིན་པ་བཅས་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོའི་ཐོག་ནས་བཀྲག་མདངས་འཚེར་བཞིན་ཡོད་པ་རེད།

འཚོལ་ཞིབ་དང་ལག་ལེན་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་བ།

བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་ཡག་པོ་བསྐྲུན་པ།

2021ལོའི་ཟླ་10པར་ཀྲུང་གོའི་རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་སྟེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་རེད།

གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཐུགས་ཁུར་དང་།བཀོད་སྒྲིགསྐུ་ངོ་མས་སྐུལ་འདེད་བཅས་གནང་བའི་ཚོད་ལྟ་གལ་ཆེན་ཞིག་རེད།མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས“འབྱུང་རྩའི་འགན་འཁྲི”ལག་བསྟར་དང་འཚོལ་ཞིབ་ལག་ལེན་ཧུར་ཐག་བྱས་ཏེ་གསར་གཏོད་རང་བཞིན་གྱི་སྒྱུར་བཅོས་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱས་ཏེ་རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་།ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ།གཙང་གསུམ་ཆུ་འགོའི་ཁྱད་ཆོས་མངོན་པ་བཅས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་གསར་གཏོད་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཡོད།

གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོ་ཁུལ་གྱི་རྨ་ཆུ་ཤང་གི་སྣོད་བཅུད་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་འཇམ་དབྱངས་རྡོ་རྗེ་ཉིན་ལྟར་བྲེལ་བ་ཆེན་པོ་ཡོད།དབྱར་ཁ་དང་དགུན་ཁ་གཉིས་སུ་ཚ་བ་ཆེ་བ་དང་གྲང་ངར་ཆེ་བ་གང་ཡིན་རུང་།འཇམ་དབྱངས་རྡོ་རྗེས་ནན་ཏན་གྱིས་འགན་འཁུར་བའི་ལས་ཀའི་སྤྲོ་སེམས་འགོག་མི་ཐུབ།ཟླ་རེར་ཁོང་རི་སྐོར་དུ་བསྐྱོད་ནས་མཚོ་སྐོར་ལམ་བུར་ཉིན་ཉི་ཤུ་རྩ་གསུམ་བཞི་ཙམ་འགྲོ་དགོས་ཀྱི་ཡོད།

མི་དམངས་དགེ་རྒན་ནས་སྣོད་བཅུད་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་འགན་འཁུར་བའི་བར་འཇམ་དབྱངས་རྡོ་རྗེའི་མི་ཚེའི་འགྱུར་ལྡོག་དེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟ་དང་བཙུགས་པ་ལས་བྱུང་བ་ཞིག་རེད།

གཙང་གསུམ་ཆུ་འགོ་སོགས་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་།རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ།རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་ཁ་གསབ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་མགྱོགས་མྱུར་བསྐྲུན་རྒྱུ་རེད།རང་བྱུང་སྲུང་སྐྱོང་ཁུལ་སྡེབ་སྒྲིག་ལེགས་སྒྱུར་གྱི་ཇུས་གཞི་དང་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི་སྒྲིག་བཟོ་ལེགས་འགྲུབ་བྱ་དགོས།རང་བྱུང་སྲུང་སྐྱོང་ཁུལ་བསྡུ་སྒྲིལ་ལེགས་སྒྱུར་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་109བསྡུ་སྒྲིལ་ལེགས་སྒྱུར་བྱས་པ་ཁག་83ལ་ལེགས་སྒྲིག་བྱས་ཡོད།

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ནས་སྣོད་བཅུད་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་སོགས་གཞི་གཅིག་ཏུ་འདྲེས་པ།མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གོ་རིམ་ལྡན་པའི་ངང་བསྐྲུན་པ་དང“1+10+X”འཆར་འགོད་མ་ལག་ཧུར་ཐག་བསྐྲུན་ནས་ས་མཐོར་དམིགས་བསལ་གྱི“རྩྭ་ཆུ་དང་འདབ་ཆགས་དང་གཅན་གཟན་”མཉམ་གནས་ཀྱི་སྣོད་བཅུད་མ་ལག་ཅིག་ཆགས་པ་བྱས་ཏེ་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་དུས་འགོར་སྐུལ་འདེད་ཏན་ཏིག་བཏང་ཡོད།ཞིང་ཆེན་ཡོངས་ཀྱི་འབྲོག་པ་ཁྲི་14.6གིས་ཕྱུགས་འཚོ་མཚམས་བཞག་ནས་བདག་སྐྱོང་བ་བྱས་པ་དང་རྒྱལ་ཁབ་སྤྱི་གླིང་དེ་མཚོ་སྔོན་གྱིས་ཕྱི་ཕྱོགས་སུ་མཛེས་སྡུག་ལྡན་པའི་སྐར་ཁུང་གསར་པ་དང་གཟུགས་བརྙན་གསར་པ་ཞིག་ཏུ་གྱུར་ཡོད།

སྐྱེ་ཁམས་སྲུང་སྐྱོང་གི་གཞི་ཐིག་ནན་སྲུང་།

སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ།

སྟོན་དུས་ཀྱི་ཞོགས་པ་ཞི་འཇམ་ཞིང་འཇམ་པའི་ཟི་ལིང་གྲོང་ཁྱེར་པེ་ཁྲོན་གཙང་པོའི་འདམ་རའི་སྤྱི་གླིང་དུ་ནམ་མཁའ་སྔོ་ཞིང་དྭངས་པ་དང་།ཆུ་འོད་ཆེམ་ཆེམ་དུ་འཕྲོ་བ།གྲམ་ཐང་གི་ཕྱོགས་གང་སར་བྱ་རྣམས་རྩེད་འཇོར་རོལ་བ་བཅས་ཀྱི་རྣམ་པ་ཞིག་མངོན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམར་ཐིག་དང་།མཐའ་ཚད།མཐོ་གནོན་གློག་སྐུད་བཅས་སུ་བརྩིས་ནས་སྲུང་སྐྱོང་ཧུར་ཐག་དང་བྱས་རྗེས་འཇོག་ཐུབ་པ་བྱས་ཏེ་སྣོད་བཅུད་འཛུགས་སྐྱོང་དེ་སྲུང་སྐྱོང་ལ་མཐོང་ཆེན་བྱེད་པ་ནས་རང་འགུལ་དུ་བྱེད་པའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་གཏིང་ཟབ་ངང་ཡག་པོ་བརྒྱབ་སྟེ་ས་མཐོའི་དགུང་སྔོན་དང་།དྭངས་གཙང་།དྭངས་གཙང་བཅས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་གྱིས་དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་པའི་ལག་བསྟར་བསམ་འཆར་དང་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བའི་བྱ་སྤྱོད་འཆར་གཞི་ལག་བསྟར་ཇུས་གཞི་སོགས་བཏོན་ནས་ཏང་ཨུད་ཀྱིས་འགོ་ཁྲིད་དང་།སྲིད་གཞུང་གིས་གཙོ་ཁྲིད།ཁེ་ལས་ཀྱི་བྱེད་པོ།སྤྱི་ཚོགས་རྩ་འཛུགས།སྤྱི་དམངས་བཅས་མཉམ་དུ་ཞུགས་པའི་དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་མགྱོགས་མྱུར་བསྐྲུན་རྒྱུ་རེད།ཙོང་ཆུ་འབབ་རྒྱུད་ཀྱི་ཆུའི་སྦགས་བཙོག་བཅོས་སྐྱོང་གི་འགག་སྒྲོལ་བྱེད་སྒོ་ཏན་ཏིག་སྤེལ་བ་དང་།གྲོང་ཁྱེར་དང་ཞང་གི་མི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ།ཟི་ལིང་དང་།མཚོ་ནུབ།ཡུལ་ཤུལ་བཅས་ཀྱི“སྙིགས་མེད་གྲོང་ཁྱེར”གང་མགྱོགས་འཛུགས་པ།ཚད་གཞི་མཐོན་པོའི་སྒོ་ནས་“དྭངས་གཙང་མཚོ་སྔོན”གསར་སྐྲུན་བཅས་བྱས་ཏེ།ཉེན་ཡོད་ཟོག་རོ་“ཕྱིར་མིག་ལྟ་བའི”གནད་དོན་131དག་ཐེར་ལེགས་བཅོས་བྱེད་ཚད་100%ཟིན་ཡོད།

རླུང་ཁམས་ཆེན་པོ་དང་།ཆུ།ས་རྒྱུ་བཅས་ཀྱི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་པོ་རྒྱུན་འཁྱོངས་ཐུབ་ཡོད།ཞིང་ཆེན་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ལོ་མང་རིང་96%ཡན་རྒྱུན་འཁྱོངས་ཐུབ་པ་དང་།འབྲི་ཆུ་དང་།རྨ་ཆུའི་གཞུང་ཆུ།རྫ་ཆུ་བཅས་ཞིང་ཆེན་ནས་ཐོན་པའི་ཆུའི་སྤུས་ཚད་ཀྱི་རིགས་དང་དེ་ཡན་རྒྱུན་འཁྱོངས་ཐུབ་པ།ལོ་རེར་ཆ་སྙོམས་ཕྱིར་གཏོང་གི་དྭངས་གཙང་ཆུ་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600ཡན་ཟིན་པ་བཅས་རེད།གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་ཆུ་ཁུངས་གསོ་འཁྱོངས་བྱེད་ནུས་མངོན་གསལ་ཆེ་རུ་ཕྱིན་པ་དང་།“སྒྲིབ་གཉིས་ཁུལ་གསུམ་”གྱི་སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ་མགྱོགས་མྱུར་བསྐྲུན་ནས།“ཀྲུང་ཧྭའི་ཆུ་མཛོད”ཉིན་རེ་བཞིན་སྲ་བརྟན་དང་རྒྱས་ཡོད།

སྣོད་བཅུད་དཔལ་འབྱོར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཟབ་ཏུ་གཏོང་བ།

སྤུས་ལེགས་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་མཉམ་དུ་སྐུལ་འདེད་བཏང་བ།

མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་།ཡུལ་ལྗོངས་མཛེས་པ།སྣོད་བཅུད་གནས་བབ་མངོན་གསལ་དོད་པ།སྲུང་སྐྱོང་ཁྲོད་འཕེལ་རྒྱས་ཇི་ལྟར་གཏོང་བ་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་བྱ་རྒྱུ་ནི་མཚོ་སྔོན་གྱིས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྤུས་ལེགས་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དངོས་ཡོད་ཀྱི་བརྗོད་གཞི་ཞིག་རེད།

“ང་ཚོས་རྒྱལ་ཡོངས་ཀྱི་ལྗང་མདོག་གློག་གཏོང་གི་བགྲོད་ལམ་ཆེན་པོ་ཐོག་མ་དེ་བསྐྲུན་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་།རང་སྐྱོང་ལྗོངས།གྲོང་ཁྱེར་བཅས་15ལ་རྒྱུན་མི་ཆད་པར་ལྗང་མདོག་གློག་གཏོང་གི་ཡོད།མཚོ་སྔོན་གྱི་ལྗང་མདོག་གློག་གིས་པེ་ཅིང་ཏ་ཤིང་གནམ་ཐང་དང་ཧང་ཁུལ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སོགས་འགྲན་བསྡུར་བྱ་ཡུལ་དུ་འོད་སྣང་སྦྱིན་ཡོད།ད་ཆ་ང་ཚོས་གློག་གི་བགྲོད་ལམ་ཆེན་པོ་གཉིས་པ་དང་གསུམ་པ་འཆར་འགོད་བྱེད་བཞིན་ཡོད”འདི་ལོའི་ཟླ་5ཚེས་24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི“སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་སྐོར་གླེང་སྐབས་བཤད་པ་རེད།

སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་མཚོ་སྔོན་གྱིས“རྒྱལ་ཁབ་ཀྱི་དོན་ཆེན་པ”བློ་ལ་བརྟན་པོར་ངེས་པ་དང་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས“རི་བོ་གཉིས”ཀྱི་གཞན་སྒྱུར་བགྲོད་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཡོད།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འོད་ཤུགས་ཐོན་ལས་གླིང་ཁུལ་དུ་འོད་ཤུགས་པང་ལེབ་ཁྲི་700ལྷག་ཙམ་འོད་ཤུགས་ལེབ་མོ་རེ་རེ་བཞིན་མངོན་པ་དང་།རྒྱང་རིང་ནས་བལྟས་ཚེ།འོད་མདངས་འཕྲོ་བའི་རྒྱ་མཚོ་སྔོན་པོ་དང་འདྲ་བར།“རྒྱ་མཚོ”དེའི་ནང་དང་འོད་ཤུགས་པང་ལེབ་འོག་གི་རྩྭ་གསེབ་ཏུ“འོད་ཤུགས་ལུག”ཁྲི་ལྷག་ཙམ་གྱི་བསམ་བློ་བཏང་ནས་ཐུན་མོང་མ་ཡིན་པའི་འོད་ཤུགས་འབྲོག་ར་ཞིག་ཆགས་ཡོད་པ་རེད།མིག་སྔའི་བར།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གི་འོད་ཤུགས་འབྲོག་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་0.332(མུའུ་ཁྲི་4.98)ཟིན་པ་དང་།གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་15ཞིང་འབྲོག་དུད་ཚང་3827ལ་ཁྱབ་འགྱེད་སྐུལ་ཁྲིད་བྱས་པ།ལོར་དུས་འཁོར་རང་བཞིན་གྱིས་བོད་ལུག་ཁྲི་1.66གསོ་ཚགས་ཐུབ་པ།ཡོང་འབབ་སྒོར་ཁྲི་137འཕར་བ།གཟན་རྩྭའི་མ་གནས་སྒོར་ཁྲི་200ལྷག་ཙམ་གྲོན་ཆུང་ཐུབ་པ་བཅས་རེད།

མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོང་མི་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་ཉེ་བའི་ལོ་ཤས་རིང་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་།བཀའ་མ་ལོག་རྫོང་གི་ཤིང་འབྲས་རྒྱ་ཁྱོན་སྤྱི་ཆིང་5200(མུའུ་78000)ཟིན་ནས་མཚོ་སྔོན་ས་མཐོའི་མིང་དོན་མཚུངས་པའི་ཀྭ་རིགས་ཀྱི་ཕ་ཡུལ་དུ་གྱུར་ཡོད་པ་རེད།

ཐོན་ཁུངས་ཀྱི་ལེགས་ཆ་དང་ས་ཁོངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་མཚོ་སྔོན་གྱིས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐོན་ལས“ས་ཁུལ་བཞིའི”འཐབ་ཇུས་ཐབས་ལམ་གཏན་འཁེལ་བྱས།

འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱ་དགོས།ཅཱ་དང་།ནཱ།མཱེ།ལི།ཁིལ་བཅས་ཐོན་ལས་ཁྱུ་ཚོགས་ཆེན་པོ་ལྔ་རིམ་བཞིན་ཆགས་པ་དང་།2023ལོར་ཚྭ་མཚེའུ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་580ལྷག་ཙམ་ཟིན་པ་དང་།ཅཱ་ལུད་ཀྱི་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་77%ཟིན་ཡོད།

རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་དགོས།2023ལོར་ནུས་ཁུངས་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་5100ལས་བརྒལ་བ་དང་།ནུས་ཁུངས་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་3800ལས་བརྒལ་ཡོད།ཚྭ་མཚེའུ་ཐོན་ལས་དང་།ཉི་ནུས།རླུང་ནུས་སོགས་ནུས་རྒྱུ་གཙང་མའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་ལས་མཚོ་སྔོན་གྱི་དབུལ་སྒྲོལ་མང་ཚོགས་ཁྲི་28.3ལས་ཞུགས་ལས་མི་དང་།ས་ཞིང་ནང་བཤུགདོ་དམ་ནང་ཞུགས་པ་སོགས་ཀྱི་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཡོང་འབབ་བརྟན་པོ་བྱུང་ཡོད།

རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་དགོས།རླབས་སྔོན་པོ་གཡོ་བཞིན་པའི་མཚོ་སྔོན་པོ་དང་།“ནམ་མཁའི་མེ་ལོང”ཚྭ་ཁ་མཚེའུ།སྣ་མང་ཕུན་སུམ་ཚོགས་པའི་ཧྥེ་གཡུ་མཚེའུ།མདོ་ལ་རིང་མོའི་འདབས་ཀྱི་འབྲོག་ར་ཡག་པོ།མོན་ཡོན་མེ་ཏོག་རྒྱ་མཚོ་སོགས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་པ་དང་།ཚྭ་འདམ་གྱི་སྐར་ཚོགས་བཀྲ་བའི་སྐར་ཚོགས་དང་མདོ་ལ་རིང་མོའི་མཁའ་དབྱིངས་ཀྱི་གནས་མཆོག་སྒར་ས་རྒྱལ་ཁབ་ཀྱི་4Cརིམ་པའི་སྒེར་འཁོར་བཏང་ནས་སྒར་ས་བྱས་པས་རི་རྫོང་གི་ཆུ་འགོ་ས་གཙང་དང་སའི་གོ་ལའི་སྣེ་གསུམ་པའི་སྤུས་རྟགས་ཀྱི་གཟུགས་བརྙན་སྔར་བས་མངོན་པར་བྱས་ཡོད།

ལྗང་མདོག་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་དགོས།འདི་ལོའི་ཟླ་5པའི་བར་མཚོ་སྔོན་དུ་རྩྭ་ཐང་སྤྱི་ཆིང་ཁྲི་1000ལྷག་ཙམ(མུའུ་དུང་ཕྱུར་1.5ལྷག་ཙམ)གྱི་སྐྱེ་ལྡན་ལྟ་ཞིབ་ཚད་ལེན་བྱས་པར་བརྟེན་ནོར་ལུག་མགོ་གྲངས་ཁྲི་800ལྷག་ཙམ་གྱི་ཐོག་མའི་ཐོན་ཡུལ་ནས་ཁུངས་འདེད་ཐུབ་པ་དང་།གྲོ་མོའི་གསེར་ཉའི་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་40%བཟུང་ནས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་འབྲོག་ལས་ཐོན་རྫས་དང་ཆུ་འཁྱག་ཉ་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད་པ་རེད།

རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཆུ་ཚད་མཐོ་བའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་བརྟེན་ནས་སྤུས་ལེགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།