[ཆུས་དང་རྫོང་གི་གསར་འགྱུར།]མཚོ་སྔོན་གྱི་ཐེམ་ཆེན་ནི་སྣོད་བཅུད་དང་རིག་གནས་མཉམ་འདྲེས་ཀྱི་ཡུལ་སྐོར་གནས་མཆོག་ཅིག་ཡིན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

མཚོ་སྔོན་ཞིང་ཆེན་བྱང་ཤར་རྒྱུད་དུ་གནས་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་དུ་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ལྡན་པ་མ་ཟད།ད་དུང་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་སྐད་གྲགས་ཆོད་ཡོད།

ཉེ་བའི་ལོ་ཤས་རིང་།ཐེམ་ཆེན་རྫོང་གིས“ཡུལ་སྐོར་ལ་བརྟེན་ནས་རྫོང་གསོན་ཤུགས་ལྡན་པའི”འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རྩྭ་ཐང་གི་སྣོད་བཅུད་ལྟ་སྐོར་དང་།དམངས་སྲོལ་གོམས་གཤིས་ཉམས་ལེན།སྒེར་འཁོར་བཏང་ནས་རྐང་ཐང་མར་སྐྱོད་པ་སོགས་ཀྱི་ཡུལ་སྐོར་མིང་བྱང་མུ་མཐུད་བཏོད་དེ་སྣོད་བཅུད་དང་རིག་གནས་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་ཞིག་གཏོད་རྒྱུར་གཞོལ་ཡོད།

པུ་ཧ་གཙང་འགྲམ་གྱི་སྣོད་བཅུད་མཆོག་ནོར་ཞིག

མཚོ་སྔོན་ཐེམ་ཆེན་པུ་ཧ་གཙང་པོའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་ཐེམ་ཆེན་རྫོང་གི་སྣོད་བཅུད་མཆོག་ནོར་ཞིག་ཡིན་པའི་ངོས་ནས་པུ་ཧ་ཆུ་བོའི་ལུང་གཞུང་གི་ཐང་ཆེན་འཕྲེད་བརྒལ་བྱས་ཡོད་པས་དེའི་ཕུན་སུམ་ཚོགས་པའི་འདམ་རའི་སྣོད་བཅུད་མ་ལག་ཅིག་ཏུ་གྱུར་ཡོད།

དེ་ནི་རང་བྱུང་ཁམས་ཀྱི་བང་མཛོད་ཅིག་ཡིན་པ་དང་།དེའི་ནང་མཐོ་རིམ་བདག་ཏུ་མ་བཟུང་བའི་རྩི་ཤིང་རིགས་242དང་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིགས་163འདུས་ཡོད་པ་དང་།བྱེ་ཚེར་ནས་དགོ་དམར་བར་དང་།ལིན་ཧྲུའེ་ཤུག་པའི་ཡལ་ག་ནས་གསེར་བརྐོས་བར་ཐུན་མོང་ཐོག་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྣོད་བཅུད་ཀྱི་རི་མོ་ཞིག་བཟོས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།2014ལོར་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཚོད་ལྟ་བྱ་རྒྱུའི་ཆོག་མཆན་ཐོབ་པ་ནས་བཟུང་།ཐེམ་ཆེན་རྫོང་གིས“སྲུང་སྐྱོང་སྔོན་ལ་བྱེད་པ་དང་ཚན་རིག་དང་མཐུན་པའི་ཉམས་གསོ”བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་པས།འདམ་རའི་སྣོད་བཅུད་དོ་སྙོམས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ་མ་ཟད།སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་སྣོད་བཅུད་སྲུང་སྐྱོང་དང་།ཚན་རིག་ཁྱབ་གདལ་སློབ་གསོ།སྤྲོ་གསེང་ལྟ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་ནུས་མང་འདམ་རའི་སྤྱི་གླིང་ཞིག་ཏུ་གྱུར་ནས་མཚོ་སྔོན་པོའི་ས་ཁུལ་གྱི་མེད་དུ་མི་རུང་བའི“ཚེ་སྲོག་གི་འབྱུང་གནས”དང“དངོས་རིགས་ཀྱི་གཞི་རྒྱུའི་

མིག་སྔར་འདམ་རའི་སྤྱི་གླིང་གིས་ཐེམ་ཆེན་རྫོང་གི“ས་མཐོའི་སྣོད་བཅུད་ཤེས་དཔལ་དཔེ་བཟང་རྫོང”འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་བ།རྒྱལ་ཁབ་སྤྱི་གླིང་དང་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།

བོད་ཀྱི་རིག་གནས་ཀྱི་དྲོ་སྐྱིད་དྲན་ཤེས།

ཐེམ་ཆེན་རྫོང་གི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཐོག་སྦྲ་གུར་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་སྡོད་གནས་ཤིག་ཡིན་པ་མ་ཟད།བོད་མི་རིགས་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་མཚོན་རྟགས་ཤིག་ཀྱང་ཡིན།ལོ་200ལྷག་ཙམ་དར་ཁྱབ་བྱུང་བའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དེ་འབྲི་གཡག་གི་བལ་རྒྱུ་གཙོ་བོར་བྱས་ནས་འཁེལ་འཐག་ཞིབ་ཚགས་བྱས་པ་བརྒྱུད་སྤྱོད་ཤན་ཆེ་ལ་མཛེས་པའི་གུར་ཞིག་ཆགས་ཡོད།

སྦྲ་ནག་གི་ཁུལ་རིམ་པའི་རྒྱུན་འཛིན་པ་ནོར་ལྷ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།སྦྲ་གུར་གྱི་བརྒྱུད་རིམ་རྙོག་འཛིང་ཆེ་ལ་ཞིབ་ཚགས་པས་ཐག་པ་དང་།ཕུར་པ།ཁ་ལུང་སོགས་འབོར་ཆེན་སྤྱོད་དགོས་ཀྱི་ཡོད།གུར་གྱི་རྩེ་མོར་གནམ་ཁུང་བཞག་ཡོད་པ་དང་།དུ་བ་རླུང་འགྲོ་བར་སྤྱོད་ཀྱི་ཡོད།མདུན་ཕྱོགས་སུ་དཀར་ནག་གི་བར་ཡོད་པའི་སྒོ་ཡོལ་ཞིག་ཡོད་པ་དང་།སྤྱིའི་བཟོ་དབྱིབས་ཐུན་མོང་མ་ཡིན་པ་ཞིག་ཡོད་པས།ངག་རྒྱུན་དུ་ཐམ་ག་ཞིག་ཟེར།དེའི་ནང་ཁུལ་གྱི་གྲུབ་ཆ་ཇུས་འགོད་ལུགས་མཐུན་དང་དགུན་དུས་དྲོ་བ་དང་དབྱར་ཁ་བསིལ་བས་དབོར་འདྲེན་བྱེད་བདེ་པོ་ཡོད་པས་བོད་རིགས་མི་དམངས་ཀྱི་བློ་གྲོས་དང་ལས་བརྩོན་གང་ལེགས་མངོན་ཡོད།

དེང་རབས་སྤྱི་ཚོགས་སུ་འབྲོག་པ་མང་པོ་དེང་རབས་ཅན་གྱི་ཁང་པའི་ནང་སྤོས་ཟིན་མོད།འོན་ཀྱང་སྦྲ་གུར་ནང་སྔར་བཞིན་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་ཡོད་པས་ཡུལ་སྐོར་བས་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཉམས་ལེན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་གཏམ་བཤད་དང་ས་གནས་ས་ཐོག་ཏུ་འགྲེམས་སྟོན་བྱས་པ་བརྒྱུད་ཡུལ་སྐོར་བས་འབྲི་གཡག་ནག་པོའི་གུར་རྒྱབ་ཀྱི་གཏམ་རྒྱུད་དང་རིག་གནས་ཀྱི་ནང་དོན་ཤེས་རྟོགས་གཏིང་ཟབ་ཐུབ་པ་དང་ས་མཐོའི་དྲོ་སྐྱིད་དང་བློ་བརྟན་འགྱུར་མེད་ཀྱི་མྱོང་ཚོར་ཐུབ་རྒྱུ་རེད།

རྩྭ་ཐང་གི་པར་ལེན་ལྷ་ཡུལ་ལྟ་བུ།

ཐེམ་ཆེན་རྫོང་གི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ནི་པར་རྒྱག་ལ་དགའ་པོ་བྱེད་མཁན་གྱི་ལྷ་ཡུལ་ལྟ་བུ་ཡིན་པ་དང་།དེ་གར་དུས་བཞིའི་དབྱེ་བ་གསལ་ཞིང་རང་རང་གི་ཁྱད་ཆོས་ལྡན་པས་པར་རྒྱག་གསར་རྩོམ་ལ་ཕུན་སུམ་ཚོགས་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད།དཔྱིད་ཀྱི་ཉིན་མོར་སྐྱེ་དངོས་ཡོད་ཚད་སླར་གསོ་བྱུང་བ་དང་།སྔོ་ལྗང་གི་རྩྭ་ཐང་དང་བཞད་པའི་རི་སྐྱེས་མེ་ཏོག་མཉམ་དུ་འདྲེས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རི་མོ་ཞིག་ཏུ་གྱུར་ཡོད།དབྱར་དུས་སུ་རྩྭ་ཐང་སྔོ་ཐིང་ངེར་གནས་པ་དང་།སྔོ་ཞིང་སྤྲིན་དཀར་གྱི་འོག་ཏུ་ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་བག་ཕེབས་ངང་རྩྭ་ཟ་བ་ལས་ལྷིང་འཇགས་འཆམ་མཐུན་གྱི་ཞིང་སྡེའི་མཛེས་ལྗོངས་ཤིག་ཆགས་ཡོད།སྟོན་རླུང་ལྡང་སྐབས།རྩྭ་ཐང་དུ་གསེར་མདོག་གི་ཕྱི་གོས་གྱོན་པ་དང་།ནགས་ཚལ་གྱིས་ཚོས་བརྒྱབ་པས།མཛེས་སྡུག་གིས་ཁེངས།དགུན་དུས་ནི་དངུལ་གྱི་རྒྱུ་ཆ་བཏུམས་པ་དང་གངས་རྗེས་ཀྱི་རྩྭ་ཐང་དེ་བས་རྒྱ་ཆེ་ཞིང་མཛེས་སྡུག་ལྡན་པ་ཞིག་ཡོད།དུས་བཞིའི་འགྱུར་ལྡོག་ལས་ཐེན་ཅུན་རྫོང་གི་རྩྭ་ཐང་པར་ལེན་ལ་ནུས་པ་ཆེན་པོ་ཐོན་ཡོད།

ཐེམ་ཆེན་རྫོང་ནི་ད་དུང་རི་སྐྱེས་སྲོག་ཆགས་མང་པོའི་འཚོ་གནས་བྱ་ཡུལ་ཡིན་པ་དང་།དེ་དག་ཁེར་རྐྱང་ངང་རི་རྩེར་འཆམ་འཆམ་དུ་འགྲོ་བའམ་ཡང་ན་རྔོན་དངོས་རྔོན་སྐབས་བྱ་སྤྱོད་ཚང་མར་སྟོབས་ཤུགས་དང་རི་སྐྱེས་རང་བཞིན་གྱིས་ཁེངས་ཡོད།གསོན་ཉམས་དོད་པའི་སྐད་ཅིག་མ་དེ་དག་ལས་ཐེམ་ཆེན་རྫོང་གི་རྩྭ་ཐང་སྣོད་བཅུད་མ་ལག་གི་སྣ་མང་རང་བཞིན་མངོན་པ་མ་ཟད།པར་ལེན་བརྩམས་ཆོས་ལ་ཐུན་མོང་མ་ཡིན་པའི་གསོན་ཤུགས་དང་ཡིད་དབང་འགུག་ཤུགས་ཀྱང་བསྣན་ཡོད།

ཞོགས་པའི་ཉི་འོད་དང་པོ་གནམ་མཐོ་རྩྭ་ཐང་དུ་འཕྲོས་སྐབས།གསེར་མདོག་གི་འོད་ཟེར་དང་ལྗང་མདོག་གི་རྩྭ་ཐང་ཕན་ཚུན་རྒྱན་སྤྲས་བྱས་པས།དྲོ་སྐྱིད་ལྡན་ཞིང་གསལ་བའི་ཚོས་གཞི་ཞིག་ཆགས་ཡོད།ས་སྲོད་ཀྱི་དུས་སུ་ཉི་མའི་ཉི་འོད་ཀྱིས་ནམ་མཁའི་མདོག་རྣམ་པར་བཀྲ་བའི་ལི་དམར་ཞིག་ཏུ་བསྒྱུར་བ་དང་།རྩྭ་ཐང་སྟེང་གི་སྐྱེ་དངོས་ཡོད་ཚད་གསེར་མདོག་གི་འོད་མདངས་འཕྲོས་ཡོད།ཆར་བ་བབས་རྗེས་ཀྱི་རྩྭ་ཐང་ནི་འཇའ་ཚོན་མཐོ་ཞིང་སྨུག་པ་འཐིབས་པས།ལྷ་ཡུལ་དང་འདྲ།འོད་དང་ཚོན་མདངས་ཀྱི་འགྱུར་ལྡོག་དེ་དག་གིས་པར་ལེན་པར་གསར་རྩོམ་གྱི་རིག་པ་དང་བསམ་ཚོད་ཀྱི་བར་སྟོང་ཚད་མེད་མཁོ་འདོན་བྱས་ཡོད།

ཐེམ་ཆེན་རྫོང་གི་རྩྭ་ཐང་ནི་རང་བྱུང་མཛེས་ལྗོངས་ཀྱི་འགྲེམས་སྟོན་ཁུལ་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་རིག་གནས་དང་རང་བྱུང་སྣོད་བཅུད་ཞི་མཐུན་མཉམ་གནས་ཀྱི་དཔང་པོ་ཞིག་ཀྱང་རེད།པར་རྒྱག་མཁས་ཅན་ཚོས་པར་རིས་བརྒྱུད་ཐུན་མོང་མ་ཡིན་པའི་རིག་གནས་མཚོན་རྟགས་དང་རང་བྱུང་མཛེས་ལྗོངས་ཕན་ཚུན་འདྲེས་པའི་སྐད་ཅིག་མ་དེ་དག་ཟིན་བྲིས་བཀོད་ནས་མི་དེ་བས་མང་བས་ཐེན་ཅུན་རྫོང་གི་ཐུན་མོང་མ་ཡིན་པའི་སྣོད་བཅུད་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཤེས་རྟོགས་དང་མྱོང་ཚོར་ཐུབ་པ་བྱས་ཡོད།དེ་གར་བརྩམས་ཆོས་ཚང་མ་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་བསྟོད་པའི་གླུ་དབྱངས་ཡིན་ལ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འདུ་ཤེས་ལ་འགྲེལ་བཤད་གཏིང་ཟབ་བྱས་པ་ཞིག་ཀྱང་རེད།

ཡུལ་སྐོར་འཕེལ་རྒྱས་ཀྱི་ལེའུ་གསར་པ།

ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་མདུན་དུ་ཐེམ་ཆེན་རྫོང་གིས་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་གོ་སྐབས་དམ་འཛིན་བྱས་ཡོད།སྣོད་བཅུད་སྲུང་སྐྱོང་དང་རིག་གནས་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་པའི་རྨང་གཞིའི་ཐོག་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་ཡུལ་སྐོར་བར་དེ་བས་སྟབས་བདེ་དང་།སྐྱིད་སྣང་དོད་པ།སྤུས་ཚད་མཐོ་བ་བཅས་ཀྱི་ཡུལ་སྐོར་ཉམས་ལེན་ཧུར་ཐག་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།ཐེམ་ཆེན་རྫོང་གིས་རིག་གནས་ཡུལ་སྐོར་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་།ཁྱད་ལྡན་ཡུལ་སྐོར་ཐོན་རྫས་ཁྱབ་གདལ་གཏོང་བ།ཡུལ་སྐོར་ཁྲོམ་རའི་ཚོང་གཉེར་ལ་ཤུགས་སྣོན་རྒྱག་པ་སོགས་བརྒྱུད་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་མི་རིགས་རིག་གནས་ཀྱི་ནང་དོན་ལྡན་པའི་ཡུལ་སྐོར་སྤུས་རྟགས་མ་ལག་རིམ་བཞིན་བསྐྲུན་བཞིན་ཡོད་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དེ་བས་མང་བ་ལྟ་སྐོར་དང་སྤྲོ་གསེང་གཏོང་བར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པའི་ས་གཞི་འདིའི་ཐོག་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཕུགས་འདུན་བཟང་པོ་རིམ་བཞིན་མངོན་འགྱུར་བྱེད་བཞིན་ཡོད།

འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས།ཐེམ་ཆེན་རྫོང་གིས“སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི”འདུ་ཤེས་ལ་གཡོ་འགུལ་མི་གཏོང་བ་དང་།རང་བྱུང་ཐོན་ཁུངས་དང་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་དང་བསྡུ་སྒྲིལ་གཏིང་ཟབ་བྱེད་པ།ཡུལ་སྐོར་ལས་རིགས་དང་སྣོད་བཅུད་དང་རིག་གནས་སོགས་ཐོན་ལས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐེམ་ཆེན་རྫོང་དེ་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་སྣོད་བཅུད་ཡུལ་སྐོར་དང་རིག་གནས་ཉམས་ལེན་བྱ་ཡུལ་དུ་ཧུར་ཐག་གཏོད་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།