“མིག་སྔར་བལྟས་ན།ཆུ་ལམ་གྱི་ངོགས་སྲུང་རྨང་གཞི་ད་དུང་ཅུང་སྙི་མོ་ཡིན་པས་མི་རྣམས་རྐང་མཐིལ་དུ་སླེབས་མ་ཐག་ཕྱིས་སུ་ངེས་པར་དུ་སྲ་བརྟན་དུ་གཏོང་དགོས་པའི་ཚོར་སྣང་ཡོང་གི་འདུག”
“ལེགས་པའི་རིགས་ལ་ས་རིམ་གྱི་ཆུ་སྐམ་ཟིན་པས་ང་ཚོས་ངེས་པར་དུ་ལས་གྲྭའི་སྤུས་ཚད་ཀྱི་བླང་བྱ་གཞིར་བཟུང་ངོགས་སྲུང་སྲ་འགྱུར་ལས་དོན་ཡག་པོ་སྒྲུབ་དགོས”།
“ད་དུང་ཨར་སྐྲུན་ཚར་རྗེས་ཀྱི་བསྐྱར་རྨོད་དང་སྔོ་ལྗང་སླར་གསོ་ལས་དོན་ཡང་གནད་ལ་འཁེལ་བ་ཞིག་སྒྲུབ་དགོས་པ་དང་།ངེས་པར་དུ་ས་གནས་དེ་གའི་མི་སེར་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས”།
དེ་ནི་ཟླ་8ཚེས་9ཉིན་གྱི་ཉིན་དགུང་མཚོ་སྔོན་ཞིང་ཆེན་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་ཡོལ་ཁུལ་གྱི་ཤར་རྒྱུད་ཙོང་ཆུ་རྒྱུག་ཁུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭའི་རྣམ་གྲངས(གཤམ་དུ“ཙོང་ཆུའི་རི་ཆུའི་རྣམ་གྲངས”ཞེས་བསྡུ་རྒྱུ)ཀྱི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་པོ་དེས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཙོང་ཆུ(ཏ་མོ་གྲོང་ཚོ་ནས་ཀྲུང་ལུང་གྲོང་ཚོ་བར)སྣོད་བཅུད་བཅོས་སྐྱོང་ལས་གྲྭའི་ལས་ཡུལ་དུ་ལས་དོན་སྤེལ་བའི་རྣམ་པ་ཞིག་རེད།
སྐབས་དེ་དུས་ཆིའུ་དབྱང་ཀྲེང་ལེ་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་མི་སྣ་ཡོངས་དང་རྣམ་གྲངས་ཨར་ལས་མི་སྣ་དང་མཉམ་དུ་ཉི་འོད་དྲག་པོའི་འོག་ལྟ་སྐུལ་ཞིབ་བཤེར་ནན་པོ་དང་འབྲེལ་གཏུག་ཞིབ་ཚགས་བྱས་ཏེ་ལས་གྲྭ་འཛུགས་སྐྲུན་གྱི་སྤུས་འབོར་གཉིས་ལྡན་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།
“ང་ཚོས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་གསུམ་གཞི་གཅིག་ཅན་གྱི་སྲུང་སྐྱོང་ཉམས་གསོའི་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས‘ཙོང་ཆུའི་རི་ཆུའི་རྣམ་གྲངས’ལ་ཡན་ལག་ལས་གྲྭ་15དང་ཡན་ལག་རྣམ་གྲངས་151བཀོད་སྒྲིག་བྱས་ཡོད།སློབ་གསོའི་ར་བ་དང་ཆུ་བོའི་སྣོད་བཅུད་བཅོས་སྐྱོང་འདུ་འགོད་ནི་དེའི་ནང་གི་གཅིག་རེད།བླང་བྱ་ལྟར་ང་ཚོའི་ཞིང་ཆེན་རིམ་པའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་3གྱིས་ཟླ་རེར་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཐེངས་གཅིག་ནས་གཉིས་བར་བྱེད་དགོས་ཀྱི་ཡོད།དེ་རིང་གི་རྣམ་པ་འདི་ལྟ་བུ་གོམས་གཤིས་སུ་གྱུར་ཡོད”ཅེས་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་རྒྱལ་ཁབ་ས་ཆའི་བར་མཐོངས་སྣོད་བཅུད་སླར་གསོ་ཁྲུའི་ཁྲུའུ་ཀྲང་ལིའུ་གོ་ཤིན་གྱིས་ངོ་སྤྲོད་བྱས།
འདི་ལོའི་ཟླ་8ཚེས་1ཉིན་ནས་བཟུང《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)དངོས་སུ་ལག་བསྟར་བྱས་པ་དེ་ནི་རང་རྒྱལ་གྱི“སྣོད་བཅུད་སྔོན་དུ་འཇོག་རྒྱུའི”རྩ་དོན་གཙོ་བོར་བྱས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་ཡིན་པ་རེད།
མཛེས་སྡུག་ལྡན་པའི་མཚོ་སྔོན་འཆར་འགོད་སྔོན་ལ་བྱེད་པ།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པའི་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ནི་འབྱུང་འགྱུར་འཕེལ་རྒྱས་ལ་མཛུབ་ཁྲིད་བྱེད་པའི་འཆར་གཞི་ཞིག་ཡིན་པ་མ་ཟད།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དམིགས་ཚད་མངོན་འགྱུར་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཀྱང་ཡིན།
《སྲོལ་ཡིག》བཟོ་བའི་བརྒྱུད་རིམ་ནང་མཚོ་སྔོན་ཞིང་ཆེན་གྱིས་གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད(2021ལོ་ནས་2035ལོ་བར)》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)པར་འགྲེམས་དང་ལག་བསྟར་བྱས་ཡོད།《འཆར་འགོད》ནང་གཙོ་གཟུགས་ནུས་པ་དབྱེ་ཁུལ་ཞིབ་ཚགས་སུ་བཏང་ནས“ཡོལ་གཉིས་ཁུལ་གསུམ་དང་འཁོར་མདའ་གཉིས་དང་ས་ཚིགས་མང་པོའི”རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་སྲུང་སྐྱོང་གི་རྣམ་པ་གསར་པ་བཏོད་དེ་གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་མོའི་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་སྲུང་ཡོལ་དུ་བྱས་ནས་མཚོ་སྔོན་པོ་སྐོར་བའི་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་དང་།བྱེ་འཁྱགས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ཏེ“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་གི་འགན་འཁྲི་གལ་ཆེན་འཁུར་དགོས།
《འཆར་འགོད》ཀྱི་སྣེ་ཁྲིད་འོག་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་སྣོད་བཅུད་སླར་གསོའི་འཆར་འགོད(2021-2035ལོ་བར)》བཟོས་ནས་བཀྲམ་སྟེ་རི་སྟེང་གི་རི་གཤམ་དང་།སྟོད་རྒྱུད་ཀྱི་སྨད་རྒྱུད་སྤྱི་ཡོངས་སྲུང་སྐྱོང་དང་།མ་ལག་ཉམས་གསོ།ཕྱོགས་བསྡུས་བཅོས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་ནས་གངས་རིའི་འཁྱགས་རོམ་དང་།གཙང་པོ་དང་མཚེའུ་མཛོད།འདམ་རའི་འཁྱགས་ས།རྩྭ་ཐང་གི་སྤང་ལྗོངས།བྱེ་ས་ཐང་རྒོད་སོགས་གཞི་གཅིག་ཅན་གྱི་སྲུང་སྐྱོང་ཉམས་གསོར་སྤྱི་འདོམས་སྐུལ་འདེད་བྱེད་དགོས།
2023ལོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་55.15བཏང་བའི“ཙོང་ཆུའི་རི་ཆུའི་རྣམ་གྲངས”ལ་རྒྱལ་ཁབ་ཀྱི་འགྲན་རྩོད་རང་བཞིན་གྱི་དཔྱད་ཞིབ་ཐོབ་ནས་རྒྱལ་ཁབ་ཀྱི“བཅུ་བཞི་ལྔ”ཡི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭའི་རྣམ་གྲངས་ཁག་གསུམ་པའི་ནང་གྲུབ་འབྲས་ཐོབ་པའི་ངང་ཚུད་པ་དང་ལས་གྲྭའི་ཁྱབ་ཁོངས་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་།མཚོ་ཤར་གྲོང་ཁྱེར།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་རྫོང(ཆུས)12དང་འབྲེལ་བ་ཡོད་པ་རེད།
རྩེ་རིམ་གྱི་སྣེ་ཁྲིད་ཤུགས་ཆེན་བྱས་ནས་གཞི་རིམ་གྱིས་ནུས་ཤུགས་ཡོད་རྒུས་རྒྱུག་བཞིན་ཡོད།
ཆོས་ར་ཆུ་བོའི་སྣོད་བཅུད་བཅོས་སྐྱོང་ལས་གྲྭ་སྐྲུན་འགོ་ཚུགས་ཚུན་གྱི་ཟླ་བ་གཅིག་ལྷག་ཙམ་རིང་།ཙོང་ཆུ་ཁུལ་གྱི་ཆུ་བེད་འཛུགས་སྐྲུན་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཡུས་ཀྲིའི་གཟུགས་བརྙན་རྟག་ཏུ་ལས་ཡུལ་དུ་ཐོན་གྱི་ཡོད།ལས་གྲྭའི་ཀ་པ་ཕྱོགས་ཀྱི་འགན་འཁུར་བ་ཞིག་ཡིན་པའི་ངོས་ནས་ཁོང་གིས་རང་ཉིད་ཀྱི་འགན་འཁྲི་ལྕི་པོ་ཡོད་པ་ཤེས་ཀྱི་ཡོད།ཕ་ཡུལ་གྱི་ཨ་ཕས་རེ་སྒུག་བྱེད་པའི་མིག་མདངས་མདུན་དུ་ཁོང་གིས་ངེས་པར་དུ་སློབ་ཁྲང་གཙང་པོ་བཅོས་སྐྱོང་ཡག་པོ་བྱ་རྒྱུའི་སེམས་ཐག་བཅད།
ཆོས་རའི་ཆུ་བོའི་འབྲུབ་དུས་ཀྱི་ཆུ་རྒྱུན་རྟག་ཏུ་དྲག་ཏུ་འགྲོ་བཞིན་ཡོད།མིག་སྔའི་བར་ཙོང་ཆུ་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་ལྟ་ཞིབ་ཚད་ལེན་དོ་དམ་བྱས་པར་བརྟེན་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་ཐོན་མེད་ཀྱང་གཏོར་སྐྱོན་ཆུང་ངུ་མི་ཉུང་བ་ཞིག་བཟོས་ཡོད་པས་ཆུ་ངོགས་གཉིས་སུ་འཚོ་སྡོད་བྱེད་པའི་ཏ་མོ་གྲོང་ཚོ་དང་ཀྲུང་ལུང་གྲོང་ཚོའི་གྲོང་མིའི་འཚོ་བའི་ངོས་ནས་བརྗོད་ན་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིག་རེད།
“གལ་སྲིད་ད་རེས་བཅོས་སྐྱོང་བྱ་རྒྱུ་དེ་ལས་གྲྭའི་ཇུས་འགོད་ཀྱི་ལོ་10ཡི་ནང་ཐེངས་གཅིག་འཕྲད་པའི་ཆུ་ལོག་གི་ཚད་གཞིར་སླེབས་ཚེ་ཆུ་ལམ་ངོགས་གཉིས་ཀྱི་མི་3989དང་མུའུ་573.12(སྤྱི་ཆིང་38.208)ཡི་རྨོ་ཞིང་གི་ཆུ་ལོག་སྔོན་འགོག་བདེ་འཇགས་ལ་འགན་ལེན་བྱུང་བ་མ་ཟད།སྡེ་ཚན་ཁག་གི་འབྲུབ་འགོག་ལས་དོན་གྱི་གནོན་ཤུགས་ཀྱང་ཆེས་ཆེར་ཆུང་དུ་འགྲོ་སྲིད།བཅོས་སྐྱོང་བྱས་རྗེས་ཆུ་ལམ་ཤར་གཏོང་དང་།གྱེན་ངོས་སྙོམས་པ།ཆུ་དྭངས་གཙང་པོ་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་ངས་བསམ་ཚོད་བྱེད་ཀྱི་ཡོད”ཅེས་ལི་ཡུས་ཀྲི་ཡིས་བཤད།
ཟླ་8ཚེས་9ཉིན་གྱི་ཕྱི་དྲོ།ཙོང་ཆུའི་ཁུལ་གྱི་ཕན་ཏའོ་ཆུ་མཛོད་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་གྱི་ལམ་བར་དུ་ཞིང་ཁ་རྣམ་པར་བཀྲ་བ་དང་འབྲས་བུ་མང་པོ་ཐོན་པ་མཐོང་རྒྱུ་ཡོད་པས་བདེ་ཐང་ངང་འཚར་ལོངས་བྱུང་བའི་གྲོ་སྙེའི་སྐེད་པ་སྒུར་ནས་མིག་གིས་ཁེངས་པ་དེ་ནི་ཧ་ཅང་ཡག་པོ་ཞིག་རེད།
སྐབས་དེར་ཙོང་ཆུ་ཁུལ་སྣོད་བཅུད་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་མ་ཁྲེང་ལུང་གིས་ཨར་ལས་བྱ་ཡུལ་གྱི་སྣོད་བཅུད་ཆུ་ལམ་གྱི་འགྲམ་དུ་ལངས་ནས་དྭངས་གཙང་གི་ཆུ་རྒྱུན་ཤར་དུ་རྒྱུག་པར་ལྟ་བཞིན་ཚོར་སྣང་ཟབ་མོ་བྱུང་།
མཱ་ཁྲིན་ལུང་གི་ཚོར་སྣང་ཟབ་མོ་ནི་འབྱུང་ཁུངས་ཡོད་པ་ཞིག་རེད།ཟླ་བ་བཞིའི་གོང་དེ་གར་ད་དུང་ལུང་སྟོང་གི་རྣམ་པ་ཞིག་ཡིན་པ་དང་།རྡོ་གང་སར་ཁྱབ་པ་དང་ཆུ་ལམ་གྱི་རྒྱ་ཁྱོན་ཆེན་པོ་ཕྱིར་མངོན་པ་དང་ས་ཆུ་ཤོར་ཚབས་ཆེ་བས་གང་སར་ཆར་ཆུ་ཡིས་ཁེངས་པའི་རྗེས་ཤུལ་མཐོང་རྒྱུ་ཡོད།
ད་ཆ་ཟླ་བ་བཞི་འདས་ཟིན་པ་དང་ལས་གྲྭ་འཕེལ་རྒྱས་བྱུང་ཚད་60%ཟིན་པ་དང་དེ་སྔའི་གྲམ་ཐང་སྔོ་ལྗང་དུ་གྱུར་པ་དང་སྣོད་བཅུད་ལྷོད་གཏོང་ས་ཁོངས་སྔོ་ལྗང་དུ་གྱུར་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་མཐའ་འཁོར་གྱི་རི་ཆུ་དྭངས་ཤིང་གཞི་གཅིག་ཏུ་འདྲེས་ཡོད་པ་རེད།
དེ་བས་གལ་འགངས་ཆེ་བ་ཞིག་ནི་རྣམ་གྲངས་འཛུགས་སྐྲུན་གྱིས་ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་གུང་གྲོང་རྡལ་ཕན་ཏོ་གྲོང་ཚོ་དང་།སྟོང་ཁྲ་གྲོང་ཚོ།ཤིས་ཁྲ་གྲོང་ཚོ་བཅས་ལ་བཙོག་ཆུའི་མདོང་ལམ་སྤྱི་ལེ་26གསར་སྐྲུན་བྱ་རྒྱུ་དང་།ཁྲོན་པ་དང་།ལུད་རྫིང་།བཙོག་ཆུ་གཙང་སེལ་ས་ཚིགས་སོགས་ཞོར་གཏོགས་སྒྲིག་བཀོད་ལ་ཞིབ་བཤེར་བྱ་རྒྱུ་མ་ཟད།ཏུང་ཁྲ་གྲོང་ཚོར་ཆུ་འགྲམ་གྱི་ལྷོད་རྒྱུད་སྨི་ངོས་གྲུ་ཁྲི་6.7དང་ཤི་ཁྲ་གྲོང་ཚོར་ཆུ་པིན་གྱི་ལྷོད་རྒྱུད་སྨི་ངོས་གྲུ་ཁྲི་4.3བཀོད་སྒྲིག་བྱ་རྒྱུ་རེད།
“བར་ཆོད་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་ཉམས་གསོ་དང་།ཆུ་འགོའི་དེ་སྔའི་གྲོང་མིའི་འཚོ་བའི་བཙོག་ཆུ་བཅོས་སྒྲིགཁ་གཏིང་གཉིས་ཀྱི་སྦགས་བཙོག་བཅོས་སྒྲིག་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད་འཚོ་བའི་བཙོག་ཆུ་མཛོད་ཁུལ་དུ་འདྲེན་ཚད་ཉུང་དུ་ཤུགས་ཆེན་བཏང་ནས་ཆུ་སྣོད་བཅུད་མ་ལག་གི་གྲུབ་ཆ་དང་ནུས་པ་སླར་གསོ་ཐུབ་པ་དང་ཆུ་མཛོད་ཁུལ་གྱི་སྣོད་བཅུད་མ་ལག་གི་བདེ་ཐང་ཆུ་ཚད་མཐོ་རུ་བཏང་ནས་འཐུང་ཆུའི་ཆུ་འགོའི་བདེ་འཇགས་འགན་ལེན་ཡག་པོ་བྱ་རྒྱུ་རེད”ཅེས་མཱ་ཁྲེང་ལུང་གིས་བཤད།
ཚན་རིག་དང་མཐུན་པའི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ནི་མཛེས་སྡུག་ལྡན་པའི་རི་མོ་ཞིག་དང་འདྲ་བར་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་འཆར་གཞི་ཞིག་བཀོད་ཡོད།ཡུལ་བབ་དང་བསྟུན་པའི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་དེ་སྨྱུ་གུར་འགོས་པའི་ཚོན་མདངས་དང་འདྲ་བར་མཛེས་སྡུག་ལྡན་པའི་མཚོ་སྔོན་ལ་ལྡན་དགོས་པའི་རྣམ་པ་ཞིག་མངོན་ཡོད།དེ་གཉིས་ཟུང་འབྲེལ་ཡག་པོ་བྱས་ཚེ་ལྗང་མདོག་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ཆགས་པ་དང་།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ།མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པ་བཅས་ལ་ཕན་ཐོགས་ཡོད་པ་དང་མཐར་སྤུས་ལེགས་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཚོ་བ་མངོན་འགྱུར་བྱེད་པའི་དམིགས་ཡུལ་འགྲུབ་རྒྱུར་ཕན་ཐོགས་ཡོད།
ཡན་ལག་རྣམ་གྲངས་151ཡོད་པ་དང་།129འཛུགས་སྐྲུན་བྱེད་འགོ་ཚུགས་པ།82ལེགས་གྲུབ་བྱུང་ཡོད།གྲངས་གཞི་ཁོ་ནའི་ཐོག་ནས་བལྟས་ན།གསར་འགོད་པས་ས་གནས་ས་ཐོག་ཏུ་བཅར་འདྲི་བྱས་པའི་རྣམ་གྲངས་གཉིས་ཀྱི་ལག་བསྟར་ཕན་འབྲས་ལ་བལྟས་ན།“ཙོང་ཆུའི་རི་ཆུའི་རྣམ་གྲངས”དེས་བཤད་པ་ལྟར་ཙོང་ཆུ་རྒྱུག་ཁུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་གཞི་གཅིག་ཅན་གྱི་སྲུང་སྐྱོང་ལ་དཔེ་སྟོན་བྱས་ཏེ་ཕྱོགས་ཡོངས་ནས་མཚོ་བོད་ས་མཐོའི་ཤར་རྒྱུད་ཀྱི་སྣོད་བཅུད་སྒྲིབ་ཡོལ་ཁུལ་བརྟན་དུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པ་རེད།
ལོ་གཅིག་ལྷག་ཙམ་རིང“ཙོང་ཆུའི་རི་ཆུའི་རྣམ་གྲངས”ཀྱི་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གི་ཆེད་ལས་འཛིན་གྲྭའི་ཆེད་ལས་ལས་དོན་མི་སྣ་ཡིན་པའི་ལི་ཏུང་པོ་དང་ལས་རོགས་གཞན་གཉིས་གྲོང་གསེབ་ཏུ་མ་བསྐྱོད་པར་གྲོང་གསེབ་ཏུ་འགྲོ་བའི་ལམ་བར་དུ་ཡོད།
“རྣམ་གྲངས་བརྒྱ་ལྷག་ཙམ་གྲོང་ཁྱེར་དང་ཁུལ་གསུམ་གྱི་ཡུག་ཁུལ་དུ་ཁྱབ་ཡོད་པས་ང་ཚོ་མི་གཅིག་གིས་ཡུག་ཁུལ་གཅིག་གི་རྣམ་གྲངས་ཚང་མའི་སྤྱིའི་བཀོད་གཏོང་དང་ཆ་འཕྲིན་ཕྱོགས་བསྡུས་གོང་ཞུ་སོགས་ཀྱི་ལས་དོན་གྱི་འགན་འཁུར་གྱི་ཡོད་པས་བྲེལ་བ་ཆེ་ན་ཁས་ལེན་བྱེད་ཀྱི་ཡོད”ཅེས་ལི་ཏུང་པོ་ཡིས་གསར་འགོད་པར་བཤད།
ཡིན་ནའང་ལི་ཏུང་པོ་དང་ལས་རོགས་མང་པོ་ཞིག་གི་བྲེལ་འཚུབ་ཀྱང་རིན་ཐང་ཆེན་པོ་ལྡན་ཡོད།འདི་ལོའི་ཟླ་6པའི་ཟླ་དཀྱིལ་དུ་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་མེ་ལུང་ཤུར་གྱི་ཆུའི་ཁོར་ཡུག་བཅོས་སྐྱོང་ལས་གྲྭའི་ཐོག་མའི་ཞིབ་བཤེར་ལས་དོན་ལེགས་གྲུབ་ཟིན་པ་རེད།ལས་གྲྭ་འཛུགས་སྐྲུན་བྱས་པ་བརྒྱུད་སྤྱིའི་རིང་ཚད་ལ་སྤྱི་ལེ་4ཡོད་པའི་མེ་ལུང་ཤུར་གྱི་ལུང་ཤུར་གཙོ་བོའི་ཐོག་མི་ཐབས་ལ་བརྟེན་པའི་འདམ་ར་4ལག་བསྟར་བྱས་པར་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་32000ཙམ་ཟིན་པ་དེས་རྗེས་མཐུད་ཀྱི་ཆུ་ལམ་བཙོག་ཆུ་དང་དེ་བཞིན་ཐོག་མའི་ཆར་ཆུ་ལས་བྱུང་བའི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད།དེ་དང་ཆབས་ཅིག་ཆུ་ལམ་གྱིས་ཆུའི་སྣོད་བཅུད་ཀྱི་མཚོ་རྒྱུད་ལ་གཏོར་བཤིག་གཏོང་བ་དང་བྱེ་འདམ་སྨད་རྒྱུད་ཀྱི་ཆུའི་ནང་འཁྱེར་རྒྱུ་སྔོན་འགོག་བྱ་ཆེད།ད་དུང་ཆུ་ལམ་གྱི་གཞོགས་གཉིས་སུ་སྣོད་བཅུད་ངོགས་སྲུང་ལས་གྲྭ་སྨི་ངོས་གྲུ་24000ལག་བསྟར་བྱས་པས་ཙོང་ཆུ་འབབ་རྒྱུད་ཀྱི་བྱེ་འདམ་འདུས་ཚད་དམའ་རུ་ཕྱིན་ཡོད་པ་རེད།
ཟི་ལིང་གྲོང་ཁྱེར་གྱི་སྣོད་བཅུད་སླར་གསོ་དང་དེ་བཞིན་ལུང་ཤུར་ཕྱོགས་བསྡུས་བཅོས་སྐྱོང་གི་དཔེ་མཚོན་ཞིག་ཡིན་པའི་ངོས་ནས་མེ་སྲེག་ལུང་ཤུར་གྱི་ངེས་གནས་ནི་ཟི་ལིང་གི་གྲོང་མིའི་སྤྲོ་གསེང་ཡུལ་སྐོར་བྱ་ཡུལ་དང་ནུབ་ཉིང་ཞ་ཡི་སྤུས་རྟགས་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་དུ་འགྱུར་རྒྱུ་རེད།སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད་མེ་སྲེག་ལུང་ཤུར་གྱི་རི་ལྡེབས་དང་ལུང་ཤུར་གྱི་སྔོ་ཁེབས་སླར་གསོ་ནུས་ལྡན་ཐུབ་པ་དང་ས་ཁོངས་ཀྱི་སྔོ་ཁེབས་ཁྱབ་ཚད་དང་སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ས་ཁོངས་སྣོད་བཅུད་མ་ལག་གི་རང་ངོས་སྙོམས་སྒྲིག་ནུས་པ་ཆེ་རུ་ཏན་ཏིག་ཕྱིན་ཡོད་པ་རེད།སྣོད་བཅུད་སླར་གསོ་བྱས་པ་ཕུད།མེ་སྲེག་ལུང་ཤུར་བཅོས་སྐྱོང་བྱེད་པར་ད་དུང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ནས་སྣོད་བཅུད་ཀྱི་ལས་རྗེས་དང་།དཔལ་འབྱོར་གྱི་ཕན་འབྲས།སྤྱི་ཚོགས་ཀྱི་ཕན་འབྲས་སོགས་ཕྱོགས་མང་པོའི་ཐད་ནས“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་”ཞེས་པའི་གསོན་ཉམས་ལྡན་པའི་ལག་ལེན་བསྟར་བཞིན་ཡོད།
རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་ལམ་བུའི་ཐོག་མཚོ་སྔོན་གྱིས་ལྗང་མདོག་ལ་བརྟེན་ནས་རི་དང་།ཆུ།ནགས་ཚལ།ཞིང་།མཚེའུ།རྩྭ།བྱེ་མ་བཅས་སྲུང་སྐྱོང་གཏིང་ཟབ་བྱས་ཏེ་སྣོད་བཅུད་སྲུང་ཡོལ་སྲུང་སྐྱོང་བྱས་ཏེ་མཚོ་སྔོན་ས་མཐོའི་གནམ་སྔོན་པོ་དང་།ཆུ་བོ་དེ་བས་དྭངས་པ།རི་བོ་དེ་བས་སྔོ་ལྗང་བཅས་ཡོང་བ་བྱས་ཡོད།