ཟླ8པའི་ཚེས6ཉིན་ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རིམ་པ་མང་བ་དང་སྣ་མང་ཅན་གྱི་སྐྱེ་ཁམས་ཐོན་རྫས་ཀྱི་དངུལ་རྩའི་ཞབས་ཞུའི་མ་ལག་མགྱོགས་པོར་བསྐྲུན་ནས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་རིན་ཐང་དང་སྐྱེ་ཁམས་རིན་ཐང་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཞིང་ཆེན་ཏང་ཨུའི་དངུལ་རྩའི་གཞུང་དོན་ཁང་དང་། ཞིང་ཆེན་ནོར་སྲིད་ཐིང་། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ། མཚོ་སྔོན་དངུལ་འཛིན་ལྟ་སྐུལ་དོ་དམ་ཅུའུ་སོགས་ལས་ཁུངས་བཅས་དང་མཉམ་འབྲེལ་བྱས་ཏེ། 《མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཐོན་རྫས་ཀྱི་དངུལ་རྩའི་ཞབས་ཞུ་མ་ལག་བཟོ་བའི་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བཀྲམས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་། སྐྱེ་ཁམས་ཐོན་ལས་ཅན། ཐོན་ལས་སྐྱེ་ཁམས་ཅན། སྐྱེ་ཁམས་ཁ་གསབ་དང་སྐྱེ་ཁམས་ཡིད་རྟོན་སོགས་“ལས་གྲྭ་ལྔ”འཛུགས་སྐྲུན་ལ་རོགས་རམ་བྱེད་པར་ཁྲིད་སྟོན་བྱས་ནས་ སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་དང་སྐྱེ་ཁམས་རིན་ཐང་གཏོད་ཆེད་དངུལ་རྩའི་སྟོབས་ཤུགས་འབུལ་དགོས།
《ཇུས་གཞི》ཡི་ནང་“སྟོབས་ལྡན་ལྔའི”བྱ་སྤྱོད་ཀྱི་ཞིབ་ཕྲའི་ནང་དོན་ཁ་གསལ་བཟོས་ཡོད་དེ། མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་ལས་གཞིར་བརྟེན་ནས་ལྗང་མདོག་གི་རྨང་གཞི་གཏིང་ཟབ་ཏུ་གཏོང་དགོས། ལྗང་མདོག་དངུལ་རྩའི་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་གཙོ་གནད་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་སྣ་མང་ཅན་གྱི་མ་དངུལ་གཏོང་བའི་ལམ་སྲོལ་འཛུགས་པ་བཅས་ལ་བརྟེན་ནས་སྤུས་ལེགས་སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་མང་དུ་གཏོང་དགོས། ཐོན་ལས་སྟོབས་ལྡན་དུ་བཏང་ནས་སྐྱེ་ཁམས་ཐོན་ལས་ཅན་དུ་འགྱུར་བའི་ལས་གཞིར་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྣོན་དགོས། སྐྱེ་ཁམས་ཆེད་དོན་ཡིད་རྟོན་དངུལ་བུན་ཐོན་རྫས་གསར་གཏོད་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ཡིད་རྟོན་དངུལ་བུན་ཞིབ་བཤེར་ཆོག་མཆན་ཁྲོད་བེད་སྤྱོད་འཚོལ་ཞིབ། བརྟན་པོའི་ངང་གོ་རིམ་ལྡན་པའི་སྒོ་ནས་དངུལ་རྩའི་རོགས་སྐྱོར་ཐབས་ལམ་འཚོལ་ཞིབ་བཅས་བྱས་ནས་ལྗང་མདོག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རིགས་བསྒྱུར་ཤུགས་ཆེན་བྱས་ཏེ། ཐོན་ལས་སྐྱེ་ཁམས་ཅན་དུ་འགྱུར་བའི་ལས་གཞིར་བརྟེན་ནས་སྐྱེ་ཁམས་ཕན་འབྲས་འབུར་དུ་ཐོན་པ། དངུལ་རྩའི་འཕེལ་རྒྱས་ཀྱི་ཐབས་ལམ་ཕྱོགས་སྒྱུར་འཚོལ་ཞིབ་དང་ཐཱན་རྩིས་ཁྲའི་དངུལ་རྩའི་གསར་གཏོད་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་ཐཱན་མང་བའི་ལས་རིགས་དེ་ཐཱན་ཉུང་དང་ཐ་ན་ཐཱན་འདོར་ཕྱོགས་སུ་ཕྱོགས་སྒྱུར་བྱ་རྒྱུར་སྐུལ་ཁྲིད་བྱེད་དགོས། རིན་ཐང་བརྟན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་སྲུང་སྐྱོང་གུན་གསབ་ལམ་སྲོལ་གྱི་དངུལ་རྩའི་ཐེ་གཏོགས་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་ཐོན་དབང་གཏའ་མར་འཇོག་པའི་མ་དངུལ་བསྡུ་སྒྲིལ་སྤེལ་བ། སྐྱེ་ཁམས་ཐོན་རྫས་ཀྱི་ཉེན་ཁ་འགན་བགོས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཚོང་ར་ཅན་དང་སྣ་མང་ཅན་གྱི་སྐྱེ་ཁམས་སྲུང་སྐྱོང་གི་གུན་གསབ་བྱེད་སྟངས་འཛུགས་དགོས། སྣེ་ཁམས་ཡིད་རྟོན་ལས་གཞིར་བརྟེན་ནས་ཐཱན་ཉུང་བྱ་སྤྱོད་ལ་ཁྲིད་སྟོན་བྱེད་དགོས། སྐྱེ་ཁམས་ཡིད་རྟོན་མ་ལག་འཛུགས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཡིད་རྟོན་དེ་དངུལ་རྩའི་ཁྱབ་ཁོངས་སུ་བཀོལ་སྤྱོད་བྱེད་པ་གསར་གཏོད་བྱས་ཏེ། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་བཀོད་སྒྲིག་གི་ཕན་ནུས་རང་བཞིན་མཐོར་འདེགས་གཏོང་དགོས།
《ཇུས་གཞི》ལག་བསྟར་བྱས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཡོང་བའི་དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་འགྲོ་བར་ཕན་ཐོགས་ཡོད་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་བརྩམ་པའི་ཐད་དངུལ་རྩའི་སྟོབས་ཤུགས་འབུལ་རྒྱུ་རེད།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།