【2024རྒྱལ་ཡོངས་སྨྱན་སྦྱོར་གཙོ་ཆེ་མགོ་ལོག་ཏུ་བསྐྱོད་པ】མཚོ་སྔོན་མགོ་ལོག་གིས་རི་ཆུ་སྔོ་ཞིང་དྭངས་པའི་སྐྱེ་ཁམས་སྲུང་སྐྱོང་གི་རྒྱུགས་གཞི་ལེགས་པོར་བྲིས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཏང་གི་ཚོགས་ཆེན་ཉི་ཤུ་བ་འཚོགས་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་མཚོ་སྔོན་དུ་ཐེངས་གསུམ་ལ་ཕེབས་ཤིང་།  རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཐེངས་གཉིས་ལ་ཞུགས་ཏེ།  སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་ཐེངས་དུ་མར་གླེང་བྱུང་།

2016ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས“མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དེ་སྐྱེ་ཁམས་ཡིན་ལ། འགན་འཁྲི་ཆེ་ཤོས་དང་མི་མངོན་སྟོབས་ཤུགས་དེ་ཡང་སྐྱེ་ཁམས་ཡིན”ཞེས་བསྟན་ཡོད། 

སྤུས་ཚད་མཐོ་བའི་འཚོ་བ་གསར་གཏོང་བཅས་ཟུང་དུ་འབྲེལ་ཅིང་གཅིག་ལ་གཅིག་བརྟེན་གྱིས་ཕན་འབྲས་མངོན་དགོས་ཞེས་བསྟན།    2024ལོའི་ཟླ6ཚེས19ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་རྗེས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་དེ་གཙོ་གནད་དུ་བཟུང་བ་ནི།  “གལ་ཆེ་ནང་གི་འགངས་ཆེན་ནི་ཆུ་གསུམ་འགོ་ཁུངས་ཞེས་པའི‘ཀྲུང་ཧྭ་ཆུ་མཛོད’དེ་སྲུང་སྐྱོབ་ལེགས་པོ་དང་།  སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བཟང་བོ་བྱས་ཏེ།  ཆུ་ཁོངས་གསོ་སྙིལ་གྱི་ནུས་པ་མཐོར་འདེགས་སུ་གཏང་གདགོས།  རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་བྱེད་སའི་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།  རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་དང་འཛམ་གླིང་དུ་མཚན་སྙན་ཆེ་བའི་རང་བྱུང་སྲུང་སྐྱོབ་བྱེད་གནས་ཀྱི་དཔེ་མཚོན་བཏོད་པར་ཤུགས་བསྣན་དགོས”ཞེས་བསྟན། 

“དཔེ་མཚོན”ཞེས་པའི་ཐ་སྙད་དེས་སྤྱིུ་ཁྱབ་ཧྲུའུ་ཅིའི་རེ་སྒུག་ཆེན་པོ་མཚོན། 

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་རྨ་ཆུའི་འགོ་ཁུངས་དང་ཆུ་གསུམ་འགོ་ཁུངས་ཀྱི་ལྟེ་ཁུལ་དང་། མཚོ་སྔོན་ཞེས“སྐྱེ་ཁམས་ཀྱི་ཞིང་ཆེན་ཆེ་ཤོས”ཀྱི“ནང་དོན་གལ་ཆེན”རེད། དུས་ཡུན་རིང་པོའི་ལག་ལེན་ཟབ་མོའི་ཁྲོད་དུ་སྤུས་ཚད་མཐོ་བའི་ལན་གསལ་བོ་བརྒྱབ།

དབྱར་ཟླ7པའི་ཞོགས་པར།  མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་སོག་རུ་མ་ཡུལ་ཚོའི་འབྲོམ་མདའ་སྡེ་བའི་འབྲོག་པ་ངག་རྡོ་ཉིན་རྒྱུན་ལྟར་དུ་ཡངས་པའི་རྩྭ་ཐང་དུ་གོམ་ཁ་ཕྱོགས། ཁོའི་མིག་མདངས་ལས་ནམ་མཁའི་སྤྲིན་པ་དང་།  རི་ཆུ།  མཚོ་དང་རྩི་ཤིང་།  འདབ་ཆགས་དང་གཅན་གཟན་ལ་སོགས་མཐོང་ཐུབ། དེ་ནི་འབྲོག་པའི་མཐོང་སྣང་ཁྲོད་ཀྱི་ཁྱིམ་གཞིས་ཡིན་ཞིང་།  རྣམ་ཀུན་ཡིད་ལ་འཁོར་བའི་རྩྭ་ཆུ་འཛོམས་པའི་རི་ཀླུང་རེད།

2012ལོར་མཚོ་སྔོན་ཞིང་ཆེན་གྱིས་ཁྱིམ་གཅིག་ལ་ལས་གནས་གཅིག་ཡོད་པའི“སྐྱེ་ཁམས་ལྟ་སྐྱོང་བ”ཡི་ལམ་ལུགས་རྒྱལ་ཡོངས་ཀྱི་སྔུན་ལ་ལག་བསྟར་བྱས།  ངག་རྡོས་ལག་གི་ལྕགས་ཚན་སར་བཞག་པ་དང་། ཕུ་ཐུང་དམར་པོ་གོན་ནས་སྐྱེ་ཁམས་ལྟ་སྲུང་བའི་ཁོངས་མིར་གྱུར།  ང་ཚོས་ལས་འགན་དུ་མ་འགན་གཅིག་ལྕོགས་སུ་ཁུར་ཡོད།  རི་སྐྱེས་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་སྐོར་སྲུང་།  གད་སྙིགས་གཙང་སེལ།  ཆུ་སྤུས་ལྟ་ཞིབ་ཚད་ལེན།  ཁྲིམས་འགལ་གྱི་སྔོག་འདོན་དང་རྔོན་རྒྱག་སོགས་བཀག་འགོག་བྱས་པ་ཡིན་ཟེར།

ཉིན་རྒྱུན་འཕྲུལ་རྟར་བྱོན་ནས་ལེ་དབར་དྲུག་བདུན་ཙམ་དུ་བསྐྱོད་དེ། རི་ཆུ་དང་ནགས་རྩྭ། སྲོག་ཆགས་སོགས་སྲུང་སྐྱོབ་བྱེད་དགོས་ཞེས་ཁོས་སྐད་ཆའི་ཁྲོད་གཟི་བརྗིད་ཀྱི་ཉམས་ཤིག་མངོན་ཡོང་།  ལོ་ཕྱེད་ཀྱི་གླ་ཕོགས་བསགས་ནས་པར་ཆས་ཤིག་ཉོས་པ་ཡིན།  སྐོར་ཞིབ་ཀྱི་དུས་ལ་པར་ཆས་འཁྱེར་ནས་པར་རིས་རྩ་ཆེན་མང་པོ་ཞིག་རྒྱག་ཐུབ་ཟེར། ངག་རྡོས་ལོ་དུ་མའི་སྐོར་ཞིབ་ལས་ཀར་བརྟེན་ནས་སྐོར་ཞིབ་ལམ་བར་གྱི་རྩྭ་རའི་སྐྱེ་ཁམས་ཀྱི་འགྱུར་ལྡོག་དང་།  ཆུ་བོ་དང་མཚོ་མོ་ཆེ་ཆུང་།  རི་སྐྱེས་སྲོག་ཆགས་ཁྱབ་ཚུལ་བཅས་གསལ་བོ་ངེས་ཡོད།

ད་སྔ་མགོ་ལོག་ཁུལ་གྱི་རིམ་ཁག་ནགས་དཔོན་དང་རྩྭ་དཔོན་གྱི་འགན་ཚང་མ་དོན་འཁྱོལ་བྱས་ཏེ། ‘ནགས་རྩྭ་ཡུན་རིང་དུ་བཅོས་སྐྱོབ་ཐུབ་ཡོད། ཉེ་བའི་ལོ་རིང་།  ང་ཚོས་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་གཙོར་བཟུང་སྟེ།  ནགས་རྩྭ་བཅོས་སྒྱུར་གཏིང་ཟབ་དང་།  ཐཱན་འདུས་ཚོད་ལྟའི་ལས་ཀ་བརྟན་འཇགས་ངང་བསྒྲུབས་པ་དང་ཆབས་ཅིག   ཕྱུུགས་འགོག་དང་རྩྭ་ཕྱུགས་དོ་མཉམ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ།  འགན་འཁྲི་ཡི་གེ་རིམ་པ་བཞིན་བཞག་པ་དང་།  ལྟ་སྐྱོང་ལས་འགན་ཁྱིམ་ཚང་དུ་དོན་འཁྱོལ་བྱས།   ལས་གཞིའི་འདེགས་སྐྱོར་ཇེ་དྲག་ཏུ་བཏང་ནས་སྐྱེ་ཁམས་བཅོས་སྐྱོང་གི་ཕན་ནུས་ལ་འགན་སྲུང་བྱས། 2023ལོར་ནགས་རྩྭ་སྐྱེ་ཁམས་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ཐད་མ་དངུལ་དུང་ཕྱུར14.24བཏང་ནས་བསྒྲུབས་པ་དང་།  རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་གི་འོས་འགན་ས་མུའུ་ཁྲི105.11ལེགས་པར་གྲུབ། གཞན་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་ལ་གཞི་བཅོལ་ཏེ།  གནོད་ལྡན་སྐྱེ་དངོས་འགོག་ཟོན་ལས་ཀར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་།  སྐྱེ་ཁམས་ལྟ་སྲུང་བ10717གིས་ཐོན་ཁུངས་ལ་སྲུང་སྐྱོབ་ནན་མོ་བྱས་ཏེ་ནུས་པ་གལ་ཆེན་ཐོན།  རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་ལས་མགོ་ལོག་འཛུགས་སྐྲུན་དང་སྲ་བརྟན་མཐོར་འདེགས་བྱ་བ་ལག་བསྟར་ནན་ཏན་བྱས་ཏེ།  མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་དང་། སྤུས་ཚད་མཐོ་བའི་རྒྱལ་ཁབ་སྤྱི་གླིང་བཅས་འཛུགས་སྐྲུན་ཧུར་ཐག་བྱས་པ་ཡིན་ཞེས་མགོ་ལོག་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཚེ་རིང་ཉི་མས་གསར་འགོད་པར་དེ་ལྟར་བརྗོད།

གཅིག་སྒྲིལ་རྫོང་མི་དམངས་སྲིད་གཞང་གི་རྫོང་དཔོན་གཞོན་པ་བདེ་ལེགས་དཔལ་ལྡན་ལ་ཐོབ་ཐང་གལ་ཆེན་གཞན་ཞིག་ཡོད་པ་ནི་གཅིག་སྒྲིལ་རྫོང་རྫོང་རིམ་པའི་ཆུ་དཔོན་དང་མཚོ་དཔོན་རེད།  ཆུ་དཔོན་དང་མཚོ་དཔོན་གྱི་འགན་གླེང་ཡོང་དུས། ཁོས་གཟི་བརྗིད་དང་བཅས་འདི་སྐད། “གཅིག་སྒྲིལ་ནི་མཚོ་སྔོན་དང་སི་ཁྲོན། ཀན་སུའུ་བཅས་ཀྱི་ས་མཚམས་ན་ཡོད་པའི་རྫོང་གཅིག་པུ་ཡིན་ལ།   འབྲི་ཆུ་དང་། རྨ་ཆུ་གཉིས་གསོ་ས་ཡིན་པ་མ་ཟད།  ‘ཀྲུང་ཧྭ་ཆུ་མཛོད’གྱི་གྲུབ་ཆ་གལ་ཆེན་ཡང་རེད།  ཆུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་དང་། སྐྱེ་ཁམས་ཀྱི་གོ་གནས་ཀྱང་ཧ་ཅང་གལ་ཆེ་བ་ཞིག་རེད། ”ཟེར། 

གཅིག་སྒྲིལ་རྫོང་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ།  2023ལོར་རྫོང་རིམ་པའི་ཆུ་དཔོན་དང་མཚོ་དཔོན་གྱི་འགན་བཞེས་ནས་བཟུང་།  བདེ་ལེགས་དཔལ་ལྡན་གྱིས་ཀྱང་ཉམས་མྱོང་མི་ཉུང་བ་ཞིག་བླངས།

བདེ་ལེགས་དཔལ་ལྡན་གྱིས་གསར་འགོད་པ་འཁྲིད་དེ་གཅིག་སྒྲིལ་རྫོང་མཁར་གྱི་གསའ་ཁོག་ཆུ་འགྲམ་དུ་འབྱོར་ཏེ་བཤད་རྒྱུར།   ཆུ་ལམ་རང་སྟེང་དེ་འདྲའི་གཏིང་རྒྱུ་མེད་ལ་ཁ་ཞེང་ཡང་དེ་འདྲའི་ཆེ་རྒྱུ་མེད།  གད་སྙིགས་དང་རྩྭ་སྙིགས་མང་པོ་ཆུ་ཁར་གཡེང་སླ་ཞིང་སྤུངས་སླ་པས།  ཆུ་བོར་སྐོར་ཞིབ་བྱེད་དུས་ཧ་ཅང་ཡིད་འཇོག་བྱ་དགོས།   “སྔོན་ཆད་ཡུལ་མི་ཀུན་གྱི་སྲུང་སྐྱོབ་ཀྱི་འདུ་ཤེས་མི་ཆེ་ཞིང་། འཚོ་བ་དང་ཐོན་སྐྱེད་ཀྱི་གད་སྙིགས་ཐད་ཀར་ཆུ་ནང་དུ་གཡུག་གྱིན་ཡོད་པས།  ཆུ་མི་གཙང་ལ་དྲི་མ་བཙོག་པོ་ཐེབས་འོང་།  ཆུ་ལོག་བྱུང་དུས་ཆུ་འབྲུབ་ནས་ངོགས་གཉིས་ཀྱི་འགྲོ་ལམ་དང་རྩྭ་ར་ཚང་མ་ཆུས་བསྣུབས་འགྲོ་བ་རེད།   ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་བཙུགས་ནས་ཁྱིམ་ཚང་དུ་ལག་བསྟར་བྱས་རྗེས།  ཆུ་ཇེ་གཙང་ཇེ་དྭངས་ལ་ཕྱིན་ཡོད་པ་དང་།  ངོགས་གཉིས་སྔོ་ལྗང་ལོ་འདབ་ཀྱིས་ཁེབས་ནས་ད་ལྟར་མཛེས་ལྗོངས་སྐྱིད་པོ་ཤིག་ཏུ་གྱུར་ཡོད། ”ཟེར། 

ཉེ་བའི་ལོ་རིང་ལ། གཅིག་སྒྲིལ་རྫོང་གིས་རྫོང་དང་ཡུལ་ཚོ། གྲོང་གསེབ་བཅས་རིམ་པ་གསུམ་གྱི་ཆུ་དཔོན་དང་དམངས་ཁྲོད་ཀྱི་དང་བླངས་ཞབས་ཞུ་བ་མཉམ་འབྲེལ་བྱས་ཏེ། “མཉམ་འགོག  མཉམ་འཛིན། མཉམ་བཅོས”ཀྱི་དོ་དམ་ལམ་ལུགས་བཟོས་ཤིང་།  ཡུལ་ཚོ་དང་གྲོང་རྡལ་གྱི་ཆུ་དཔོན་དང་མཚོ་དཔོན18དང་། གྲོང་ཚོ་རིམ་པའི་ཆུ་དཔོན32། གྲོང་ཚོ་རིམ་པའི་ཆུ་བོ་སྐོར་ཞིབ་པ98།  ཁེ་ལས་ཀྱི་ཆུ་དཔོན་གཅིག་བཅས་བཀོད་སྒྲིག་བརྒྱབ་ཏེ། “ཆུ་བོ49དང་། མཚོ་མོ་ལྔ།  འཁྱགས་རོམ་གཅིག  ཆུ་མཛོད་གཅིག”བཅས་ཡོངས་ལ་ལག་བསྟར་བྱས་ནས་རིམ་པ་གསུམ་ཅན་གྱི་ཆུ་དཔོན་དང་མཚོ་དཔོན་གྱི་དོ་དམ་མ་ལག་བཙུགས།   ས་ཆ་སྲུང་འགན་ཡོད་པ་དང་། ས་ཆུ་ཅི་ནུས་ཀྱིས་སྲུང་བ།   ལས་འགན་འཐུས་ཤོར་བྱུང་ན་འགན་འདེད་པ་ལ་སོགས་འགན་འཁྲི་རིམ་དང་རིམ་པ་བཟོས།  མིས་ཆེད་དུ་ལྟ་སྐྱོང་དང་ཡང་ན་ཁྲིམས་སྲོལ་དང་ལམ་ལུགས་ཀྱིས་སྲུང་སྐྱོབ་གང་ཡིན་རུང་། ཡོད་ཚད་ཀྱིས་གཅིག་སྒྲིལ་རྫོང་གི་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་བདེ་འཇགས་ཀྱི་སྲུང་ར་བརྟན་པོ་ཞིག་བཙུགས་ཡོད་པ་རེད།    “ང་ཚོས་ཆུ་བོ་དང་མཚོ་མོ་སྲུང་སྐྱོབ་ཐད་དྲིལ་སྒྲོག་གཏིང་ཟབ་བྱས་པ་བརྒྱུད་དེ་ཆུ་བོ་དང་མཚོ་བའི་བདེ་ཐང་ལ་དཔྱད་འཇོག་མུ་མཐུད་དུ་བྱས་ནས་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་སླར་གསོ་ཡི་ལས་ཀ་ཧུར་ཐག་གིས་སྤེལ་བས། རྫོང་ཡོངས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་ནས་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། ཞིང་ཆེན་ཕྱིར་འབབ་པའི་རྨ་ཆུའི་ཆུ་སྤུས་དུས་དང་རྣམ་པ་ཀུན་ཏུ་རིགསⅠཔོ་ན་རྒྱུན་འཁྱོངས་བྱས་ཡོད།   ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱིས‘མིང་ཡོད་ནས་འགན་ཡོད་པ་དང་’‘གོ་ཆོད་པ་ནས་ཕན་འབྲས་ཡོད་པའི’བར་གྱི་ལམ་དུ་བསྐྱོད་དེ་གསོན་ཤུགས་ཀྱི་དཔལ་འབར། ”

རྨ་ཆུ་འཇགས་ན། གནམ་འོག་བདེ།    མགོ་ལོག་ཁུལ་ཁོངས་སུ་ཡུལ་ཚོ་དང་གྲོང་རྡལ44ཡོད་ཅིང་།  དེས་ལས་30རྨ་ཆུའི་འབབ་རྒྱུད་ན་ཆགས་ཡོད།   14འབྲི་ཆུའི་འབབ་རྒྱུད་ན་ཆགས་ཡོད།   ཁུལ་ཡོངས་སུ་འབབ་པའི་ཆུ་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ50ཡན་ཅན་གྱི་ཆུ་བོད471ཡོད་དང་།  ཆུ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1ཡན་ཅན་གྱི་མཚོ་བོ40ཡོད་དོ། ། ད་སྔ་རིམ་ཁག་ཆུ་དཔོན་དང་མཚོ་དཔོན474ཡོད་ཅིང་།  ཆུ་དང་མཚོ་མོ་ལྟ་སྐྱོང་བ5989བཅས་ཡོད་པས།  ཆུ་བོ་དང་མཚོ་མོ་ཡོངས་ལ་ཁྱབ་ཡོད་དོ། །

དེ་བཞིན་དུ་ཁོར་ཡུག་གི་ཁ་དབུགས་སྤུས་ཚད་ལེགས་ཤོས་ཀྱི་སྡུར་ཚད98.6%ལ་བསླེབས་པ་དང་།   ས་ནག་ས་མུའུ་ཁྲི177བཅོས་སྐྱོང་བྱས་ཡོད།  ཨ་བྲའི་གནོད་པ་ས་མུའུ་ཁྲི2200འགོག་བཅོས་བྱས་པ་དང་།  རྩྭ་ས་ཞན་པོ་ས་མུའུ་ཁྲི117སླར་གསོ་བྱས།

ཁྱིམ་ཚང3172སྐྱེ་ཁམས་གནས་སྤོ་བྱས་པ་དང་།  སྐྱེ་ཁམས་ལྟ་སྐྱོང་བའི་ལས་གནས་ཀྱི་སྤྱི་འབོར10717ཡིན་ལ། ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི2.16རག་ཐུབ་ཀྱི་ཡོད། 

་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལིན་ཀྲེན་ཞིན་གྱིས་གསར་འགོད་པར།  “སླད་ཕྱིན་ང་ཚོས་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅིངས་ཏེ།  སྐྱེ་ཁམས་བདེ་འཇགས་དང་། ཆུ་གསུམ་འགོ་ཁུངས་དང‘ཀྲུང་ཧྭ་ཆུ་མཛོད’སྲུང་སྐྱོབ་ཀྱི་འགན་འཁྲི་གལ་ཆེན་ཁུར་དུ་འཁྱེར་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པའི་སྤྱིའི་བཀོད་པ་ལྟར་དུ།   སྐྱེ་ཁམས་ལ་སྲུང་སྐྱོབ་དང་། རྨ་ཆུ་སྔོ་ཞིང་དྭངས་པོར་བསྒྱུར་བའི་འོས་འགན་ཁྲག་ཏུ་ཁུར་ཏེ།   སེམས་དང་བརྩེ་བ།  སྟོབས་ཤུགས་གསུམ་གྱི་སྒོ་ནས་འགོ་ཁུངས་ཀྱི་འགན་འཁྲི་ལག་བསྟར་བྱ་རྒྱུ་དང་།   སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་གྱི་འོས་འགན་མུ་མཐུད་ནས་ལག་ལེན་མཐར་ཕྱིན་བྱས་ཏེ།  སྲིད་ཇུས་ཁག་ལག་བསྟར་ཕན་དང་ལྡན་པར་འགན་ལེན་དང་།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་རྒྱུགས་གཞི་གསར་པ་བླངས་ནས་མཚོ་སྔོན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལ་མགོ་ལོག་གི་ཁག་འགན་ཁུར་དུ་ལེན་རྒྱུ་ཞེས་བརྗོད་དོ། ། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།