བྱེ་གླིང་ལྗང་སྒྱུར་གྱི་ལེའུ། མྱ་ངམ་ཐང་དང་ཐང་རྒོད་དུ་ཡུལ་བབ་དང་བསྟུན་ནས་ལྗང་སྒྱུར་བྱེད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

མཚོ་སྔོན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་གྲོང་ཁྱེར་ནས་རླངས་འཁོར་ལ་བསྡད་དེ་ནུབ་ཕྱོགས་སུ་བསྐྱོད་དེ་ཆུ་ཚོད་བརྒྱད་ཀྱི་ལམ་ཐག་བརྒྱུད་ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་རྩྭ་ཐང་དང་མྱ་ངམ་ཐང་བརྒྱུད་དེ་སྔོ་ལྗང་གིས་ཁེངས་པའི་གྲོང་ཁྱེར་ཞིག་བྱེ་མའི་ཁྲོད་དུ་མིག་ལམ་དུ་འཆར།མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་མཚོ་བོད་གཞུང་ལམ་བསྐྲུན་པའི་དབང་གིས་དར་རྒྱས་བྱུང་བའི“གྲོང་གསར”དེས་བྱེ་མ་འཕུར་ནས་རྡོ་ཐང་དུ་བསྐྱོད་པའི་ཐང་རྒོད་དེ་གྲམ་ཐང་གི་ལྗང་མདོག་མུ་ཏིག་ཏུ་འགྱུར་རྒྱུ་རེད།

2022ལོའི་ཟླ་8ཚེས་3ཉིན་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་གཅིག་པའི་ན་གོར་མོའི་སྐོར་འགྲན་ཡུལ་དངོས།

མཁྱེན་ལྡན་མ་ལི་ལགས་ན་གོར་མོ་གྲོང་ཁྱེར་དུ་ལོ་20ལྷག་ཙམ་འཚོ་བ་བསྐྱལ་བ་དང་ཁོང་གིས་ས་གཞི་དེ་ཐང་རྒོད་ནས་མིག་གིས་ཁེངས་པའི་བར་གྱི་འགྱུར་ལྡོག་ཆེན་པོ་མཐོང་བྱུང་།“དེ་གར་སྤོས་མ་ཐག་གང་སར་བྱེ་མ་སེར་པོ་ཡོད་པས་རྟག་ཏུ་བྱེ་རླུང་འཚུབ་ཀྱི་ཡོད”ཁོང་གིས“ད་ཆ་གྲོང་ཁུལ་གྱི་འགྲོ་ལམ་གཡས་གཡོན་གཉིས་སུ་ལྗོན་ཤིང་མང་པོ་ཞིག་གིས་ཁེངས་པ་དང་།ཤང་དུ་རྒྱུག་པ།གནམ་གཤིས་ཀྱང་བརྟན་པོ་ཡོད”ཅེས་བཤད།

“ན་གོར་མོ”ནི་སོག་སྐད་ཀྱི“གཙང་པོ་མང་བའི་ས་ཆ”ཞེས་པའི་དོན་ཡིན་ཞིང་།དེ་གར་གཙང་པོ་དང་མཚེའུ་མང་བ་དང་ཆུའི་དྲ་བ་འཕྲེད་གཞུང་དུ་གནས་ཡོད་མོད།འོན་ཀྱང་གཏིང་ས་མཐོའི་སྐམ་ས་ཆེ་མོའི་དབུས་སུ་ལོ་འཁོར་མོར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་50ལས་དམའ་བ་ཡོད་པ་དང་ལོ་རེའི་རླངས་པ་ཐོན་ཚད་ཧའོ་སྨི་2000ཡན་ཟིན་གྱི་ཡོད།འདིར་“སྡོང་བོ་གཅིག་བཙུགས་ནས་ཕྲུ་གུ་གཅིག་གསོ་བ་ལས་དཀའ་”ཞེས་པའི་བཤད་ཚུལ་ཡོད།ས་ཞིང་བ་ཚྭ་ཅན་དུ་འགྱུར་ཚད་ཚབས་ཆེ་བ་དང་།མཐོ་གྲང་དང་ཐན་པ་ཆེ་བ།བྱེ་མ་སེར་པོར་གྱུར་པ་བཅས་ཀྱིས་ས་གནས་དེ་གའི་ཐང་རྒོད་ཅན་བཅོས་སྐྱོང་དང་སྔོ་འགྱུར་འཛུགས་སྐྲུན་ལ་དཀའ་ངལ་མང་པོ་འཕྲད་ཡོད།

བ་མོ་མེད་པའི་དུས་ཡུན་ཐུང་བ་དང་ས་རྒྱུ་ཞན་པའི་དབང་གིས་ས་གནས་དེ་གའི་ཤིང་འཛུགས་ནགས་བཟོའི་འགྲོ་གྲོན་མཐོ་བ་དང་།ཤིང་སྡོང་ས་འོག་གི་ཆུ་ལ་བརྟེན་དགོས་པས་དོ་དམ་དང་སྲུང་སྐྱོང་བྱེད་དཀའ་བས་ན་གོར་མོ་གྲོང་ཁྱེར་གྱིས་བསམ་ཕྱོགས་ལ་འགྱུར་ལྡོག་ཧུར་ཐག་བཏང་ནས་བྱེ་འགོག་ནགས་ཚལ་དང་།ལས་གྲྭའི་བྱེ་འཇགས་དང་རྩྭ་ཐང་ལེགས་བཅོས་བཅས་ཀྱི་སྣ་མང་ཐབས་ཇུས་སྤྱད་པ་རེད།

ན་གོར་མོ་དང་མང་ཨེ་གཞུང་ལམ་བརྒྱུད་ནུབ་ཕྱོགས་སུ་སྤྱི་ལེ་70ཙམ་ཡོད་པའི་ཏ་ཀེ་ལེ་ཤང་ས་ཁུལ་གྱི་གྲམ་ཐང་དུ་སྤེན་མའི་ལྕང་མ་དང་ནོར་བུ་སོགས་ཚྭ་བཟོད་ཐུབ་པའི་རྩི་ཤིང་ཉི་འོད་དྲག་པོའི་འོག་ཏུ་ཞུམ་མེད་ངང་སྐྱེ་བཞིན་ཡོད།ན་གོར་མོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ས་ཚིགས་ཀྱི་གཞུང་ཁོངས་ནགས་རའི་མཐོ་རིམ་ལག་རྩལ་ཆེ་མོ་བ་གཞོན་པ་ཀྲང་ལེ་ཡིས་འདི་ལོ་ས་གནས་དེ་གས་ཏ་ཀེ་ལེ་ཤང་ས་ཁུལ་དེ་ཐང་རྒོད་ཅན་བཅོས་སྐྱོང་བྱེད་ནུས་ཁུལ་དུ་དབྱེ་ནས་བྱེ་འགོག་ནགས་ཚལ་གསོ་བའི་བྱ་ཐབས་བརྒྱུད་སྔོ་ཁེབས་རང་བྱུང་སླར་གསོ་ཡོང་རྒྱུར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།སྔོན་དཔག་བྱས་ན་ལོ་དྲུག་རིང་གི་བཀག་སྡོམ་སྐྱེ་འཕེལ་དུས་མཚམས་བརྒྱུད་ས་ཁུལ་ནང་གི་སྔོ་ཁེབས་ཁྱབ་ཚད་2%ཙམ་འཕར་རྒྱུ་རེད།

བྱེ་བཅོས་བྱེད་པར་སྣོད་བཅུད་སྲུང་སྐྱོང་ལ་བརྟེན་དགོས་པ་མ་ཟད།ད་དུང་རླུང་ཕྱོགས་ལ་བརྟེན་ནས་བྱེ་མའི་འབྱུང་ཁུངས་བཙལ་ནས་བྱེ་རླུང་འབྱུང་རྩ་གཏན་འཁེལ་བྱེད་དགོས།ན་གོར་མོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་མིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།རིགས་གཅིག་མཁས་ཅན་ཚོས་ན་གོར་མོའི་གཤོང་སའི་གནམ་གཤིས་ས་ཚིགས་ཀྱི་ལྟ་དཔྱད་ཚད་འཇལ་གྲངས་གཞིའི་ཚོད་རྩིས་ཀྱི་རླུང་ཕྱོགས་ལ་གཞིགས་ནས་བྱེ་མའི་འབྱུང་ཁུངས་ན་གོར་མོ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་ཀྱི་ཝུའུ་ཐུའུ་མེ་རེན་ཤང་རྒྱུད་དུ་འདེད་ཀྱི་ཡོད།

“བྱེ་ཁུངས་གཙོ་བོ་གཏན་འཁེལ་བྱས་རྗེས་ང་ཚོས་འགག་རྩའི་གནས་སུ་བྱེ་སྐྱེས་རྩི་ཤིང་འདེབས་འཛུགས་དང་རྩྭ་གྲུ་བཞི་འདིང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་བྱེ་ཁུངས་གཏན་འཇགས་བཟོ་ཐུབ”ཀྲང་མིན་གྱིས་ལས་གྲྭའི་བྱེ་འཇགས་དང་སྐྱེ་དངོས་ཀྱི་བྱེ་བརྟན་ཟུང་འབྲེལ་བྱས་ནས་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བྱེ་བཅོས་ཀྱི་ཕན་འབྲས་འགན་ལེན་བྱས་ཏེ་བྱེ་རླུང་གི་གནོད་འཚེ་དང་ས་ཆུ་ཤོར་རྒྱུ་བཀག་འགོག་ནུས་ལྡན་བྱེད་ཐུབ་ཅེས་བཤད་པ་རེད།

ཐང་རྒོད་ཅན་གྱི་འགོག་བཅོས་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་ན།ན་གོར་མོར་རླུང་འགོག་བྱེ་བཅོས་ཀྱི་འགྲན་སློང་འཕྲད་པ་མ་ཟད།རྩྭ་ཐང་ལེགས་བཅོས་བྱ་རྒྱུ་དེའང་ལྷུ་ཚིགས་གལ་ཆེན་ཞིག་རེད།ན་གོར་མོ་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དང་འབྲེལ་བ་ཡོད་པས་རྩྭ་ཐང་དེ་སྲུང་སྐྱོང་ཡག་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།ས་གནས་དེ་གས་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་དང་།ཕྱུགས་བཀག་རྩྭ་གསོ་བྱེད་པ།ལྕགས་དྲ་བསྐོར་ནས་གསོ་ཚགས་བྱེད་པ་བཅས་ཀྱི་བྱ་ཐབས་སྤྱད་དེ་རྩྭ་ཐང་གི་བྱེ་འགོག་ནུས་པ་ཆེ་རུ་བཏང་ནས་ཕྱུགས་འཚོ་དྲགས་པའི་བྱེ་འགྱུར་གྱི་ཤུགས་རྐྱེན་སྔོན་འགོག་ནུས་ལྡན་བྱས་ཏེ་རྩྭ་ཐང་རང་ཤུགས་སུ་སླར་གསོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

ཀྲང་ལེ་ཡིས“སྔོན་ཆད་ང་ཚོས་ངེས་པར་དུ་བྱེ་ཐང་དེ་སྔོ་ལྗང་ཁུལ་དུ་འགྱུར་བ་བྱས་ན་གཞི་ནས་གྲུབ་འབྲས་ཐོབ་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།ད་ཆ་རི་ཆུ་ནགས་ཞིང་མཚེའུ་རྩྭ་དང་།བྱེ་སྐྱོན།འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་གི་སྐུལ་འདེད་འོག་ཐང་རྒོད་ཅན་བཅོས་སྐྱོང་གིས་ཡུལ་བབ་དང་བསྟུན་པ་དང་གནོད་འཚེ་ལ་གཞིགས་ནས་འགོག་སྲུང་བྱེད་ཐུབ་ནས་བྱེ་བཅོས་ཀྱི་དུས་བཀག་ཐུང་དུ་ནུས་ལྡན་གཏོང་བ་དང་མ་འཇོག་ཉུང་དུ་བཏང་ནས་ཕན་འབྲས་ཐོན་ཐུབ”ཅེས་བཤད།

ལོ་བཅུ་ཕྲག་ཁ་ཤས་རིང་ན་གོར་མོའི་མི་དམངས་མི་རབས་ནས་མི་རབས་ཀྱིས་རྔུལ་ཆུ་བཏོན་ནས་ལྗང་མདོག་ཁྱིམ་གཞིས་བསྐྲུན་པ་རེད།1956ལོར་བསྐྲུན་པའི་མཚོ་བོད་གཞུང་ལམ་འཛུགས་སྐྲུན་བཀོད་འདོམས་པུའི་གནས་རྙིང་སྟེ།དམག་དཔོན་ཐོག་ཁང་ལ་དམིགས་ནས་ལམ་བཟོའི་དམག་རིགས་ཆེན་པོའི་འོག་གི་ལྗོན་ཤིང་ཁག་དང་པོ་དེ་ད་ཆ་ཡལ་འདབ་རྒྱས་པ་དང་།གྲོང་ཁུལ་དུ་སྤྱི་གླིང་ཆེ་ཆུང་སྣ་ཚོགས་ཀྱི་སྔོ་ལྗང་གིས་མི་རྣམས་ཀྱི་འཚོ་བར་བརྒྱན་ཡོད།

ཐོག་མའི་ཉིན་མོ་དྲན་གསོ་བྱེད་བཞིན་ལྕམ་ལི་ལགས་ཀྱིས“ལོ་ཉི་ཤུའི་རིང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།ད་ཆ་ངས་རྟག་ཏུ་ཕྲུ་གུ་འཁྲིད་དེ་སྒོ་འགྲམ་གྱི་སྤྱི་གླིང་དུ་འཆམ་འཆམ་དུ་འགྲོ་བ་དང་རང་བྱུང་ཁམས་དང་ཉེ་པོ་བྱེད་ཀྱི་ཡོད”ཅེས་མྱོང་ཚོར་ཟབ་མོའི་ངང་བཤད།

ངོ་སྤྲོད་བྱས་པར་གཞིགས་ན།ན་གོར་མོ་གྲོང་ཁྱེར་གྱིས་འདི་ལོ་བྱེ་འགྱུར་བཅོས་སྒྲིག་མུའུ་ཁྲི་38དང་ནགས་ཚལ་དང་རྩྭ་ཐང་དང་འདམ་ར་གཞི་གཅིག་ཅན་གྱི་སྲུང་སྐྱོང་ཉམས་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལས་འགན་མུའུ་ཁྲི་6.88ལེགས་སྒྲུབ་བྱ་རྒྱུ་དང་།འབྱུང་འགྱུར་ལོ་གསུམ་ནང་ན་གོར་མོ་གྲོང་ཁྱེར་གྱིས་མུའུ་ཁྲི་90ཡི་བྱེ་འགྱུར་ས་ཆ་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།

ད་ཆ།“ལེ་དབར་བརྒྱད་བརྒྱའི་རྒྱ་མཚོར་མི་མེད་ལུང་སྟོང་དུ་གྱུར་པའི”ན་གོར་མོ་གྲོང་ཁྱེར་སྔོ་ལྗང་གིས་ཁེངས་པ་དང་།ཐང་རྒོད་ཐོག་བསྐྲུན་པའི་ལྗང་མདོག་ལྕགས་རི་རིང་པོས་ན་གོར་མོའི་མི་དམངས་ཀྱི་འཚོ་བར་སྲུང་སྐྱོང་བྱེད་ཀྱི་ཡོད་ལ་ཀྲུང་གོའི་བྱང་ཕྱོགས་ཀྱི་སྲ་ཞིང་བརྟན་པའི་བྱེ་འགོག་སྲུང་ཡོལ་ཞིག་ཏུ་གྱུར་ནས་བྱེ་འགོག་བྱེ་བཅོས་བྱ་གཞག་ལ་ན་གོར་མོའི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ཡོད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།