ཨ་ཆེན་གངས་རྒྱབ་ཀྱི་སྐོར་ཞིབ་ཉིན་ཐོ། གཙོད་ཁྱུ་ཐག་རིང་དུ་བསྐྱོད་དེ“ཡུལ་གཞན་དུ་གཙོད་ཕྲུག་སྐྱེ”དགོས་དོན་ཅི་ཡིན་ནམ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་གཙང་གསུམ་ཆུ་འགོའི་སོག་རྒྱ་ནས་ཆུ་དམར་ས་ཁུལ་གྱི་གཙོད་གནས་སྤོ་བྱེད་པའི་ལམ་ཐིག་ཆ་ཚང་ཚུད་ཡོད།ལམ་ཐིག་དེ་མཚོ་བོད་གཞུང་ལམ་དང་མཚོ་བོད་ལྕགས་ལམ་བརྒྱུད་དེ་གཙོད་གནས་སྤོའི་ལམ་ཐིག་ཁྲོད་སྲུང་སྐྱོང་བྱེད་དཀའ་ཤོས་ཡིན་མོད།འོན་ཀྱང་སྲུང་སྐྱོང་ནན་ཤོས་ཀྱི་ལམ་ཐིག་ཅིག་རེད།དུས་ཡུན་རིང་པོའི་ནང་དེ་གར་རྗེས་འདེད་བརྟག་དཔྱད་བྱས་པ་བརྒྱུད་ཚན་རིག་མཁས་ཅན་ཚོས་གཙོད་གནས་སྤོ་བྱེད་པར་ཤེས་རྟོགས་དེ་བས་མང་བ་བྱུང་ཡོད།

དེ་ནི་2020ལོའི་ཟླ་7ཚེས་7ཉིན་ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་མཚོའི་ས་ཁོངས་སུ་པར་བླངས་པའི་གཙོད་གཉིས་ཡིན་པ་དང་རྒྱབ་ཀྱི་རི་ལྡེབས་སུ་ཁ་ཟས་འཚོལ་བའི་གཙོད་མང་པོ་ཡོད་པ་རེད།

གཙོད་གནས་སྤོ་བྱེད་པ་ནི་འཛམ་གླིང་ཐོག་བརྗིད་ཉམས་ཆེ་ཤོས་ཀྱི་རྨིག་པ་ཅན་གྱི་སྲོག་ཆགས་གནས་སྤོ་ཆེན་པོ་བྱེད་པའི་གྲས་ཤིག་རེད།ལོ་ལྟར་གྱི་ཟླ་5པ་ནས་8པའི་བར་མཚོ་བོད་ས་མཐོའི་ས་ཁུལ་མི་འདྲ་བ་ནས་ཡོང་བའི་གཙོད་མོ་ཁྱུ་དང་ཁྱུ་བྱས་ཏེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོའི་གླིང་ཁུལ་གྱི་ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་མཚོ་དང་བོད་ལྗོངས་བྱང་ཐང་སེར་གྱི་གངས་རི་སོགས་སུ་གཙོད་ཕྲུག་སྐྱེ་བར་བསྐྱོད་རྗེས་སླར་ཡང་གཙོད་ཕྲུག་ཁྲིད་ནས་ཕྱིར་ལོག་བྱས་ཏེ་གནས་སྤོའི་ཡུལ་སྐོར་ལེགས་གྲུབ་བྱ་རྒྱུ་རེད།

ཧྲའན་ཤིས་ཞིང་ཆེན་སྲོག་ཆགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཝུའུ་ཞའོ་མིང་གིས་གཙོད་གནས་སྤོ་བྱ་རྒྱུ་ནི་དམིགས་བསལ་གྱི་ཚན་རིག་གནད་དོན་ཞིག་ཡིན་པས་དེ་འདབ་ཆགས་གནས་སྤོ་དང་འབུ་སྲིན་གནས་སྤོའམ་ཡང་ན་ཨ་ཧྥེ་རི་ཁའི་རྩྭ་ཐང་སྲོག་ཆགས་གནས་སྤོ་བྱེད་པ་དང་མི་འདྲ་བར“གཙོད་རིགས་རང་ངོས་ཀྱི་དམིགས་བསལ་རང་བཞིན་དང་འཚོ་གནས་ཁོར་ཡུག་གི་དམིགས་བསལ་རང་བཞིན་གྱིས་དེའི་ཞིབ་འཇུག་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད”ཅེས་བཤད།

གཙོད་ཐག་རིང་ནས་གནས་སྤོ་བྱས་ནས་གཙོད་ཕྲུག་སྐྱེ་བའི་རྒྱུ་རྐྱེན་ཐད་རིག་གཞུང་ལས་རིགས་ལ་ཚོད་དཔག་མང་པོ་བྱེད་མྱོང་ཡོད།དཔེར་ན།མཁས་དབང་ལ་ལས་གནས་སྤོ་བྱས་ན་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་དགུན་བརྒལ་ས་ཆའི་བཟའ་བཅའི་ཐོན་ཁུངས་ཀྱི་གནོན་ཤུགས་ཆུང་དུ་གཏོང་རྒྱུ་དང་།ད་དུང་མཁས་དབང་གིས་གཙོད་ཡུལ་གཞན་དུ་གཙོད་ཕྲུག་སྐྱེ་དོན་ནི་ཆར་ཆུ་འབབ་ཚད་ཅུང་མང་བའི་ས་ཁུལ་དུ་གཡོལ་ཆེད་ཡིན་པས་བྱིས་པ་གསོན་ཚད་མཐོ་རུ་གཏོང་ཆེད་ཡིན་ཞེས་བཤད་པ་རེད།

“གོང་གསལ་གྱི་ཚོད་དཔག་ལ་གཡོལ་ཐབས་མེད་པའི་གནད་དོན་ཞིག་ཡོད་པ་སྟེ།མཚོ་བོད་ས་མཐོའི་ཐོག་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་པོ་ཞིག་གཙོད་དང་འདྲ་བའི་ཁོར་ཡུག་འགྱུར་ལྡོག་དང་འཚོ་གནས་ཀྱི་འགྲན་སློང་འཕྲད་ཡོད་པ་དང་།དེ་དག་ལ་ཡང་ལུས་རྩལ་གྱི་ནུས་པ་ཆེན་པོ་ལྡན་པས།གཙོད་ཁོ་ན་དུས་ཚིགས་རང་བཞིན་གྱི་གནས་སྤོའི་བྱ་སྤྱོད་ཆགས་དོན་ཅི་ཡིན”ཅེས་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལན་ཤིན་གྱིས་དེ་ལྟར་བཤད།

ཐོག་མའི་ཞིབ་འཇུག་སློབ་མ་སློབ་དཔོན་གྱི་ངོས་ནས་ད་ཆའི་ཚོགས་པའི་འགན་འཁུར་བར་གྱུར་པའི་ལེན་ཤིན་མིང་གིས་མཚོ་བོད་ས་མཐོར་གཙོད་ཀྱི་ཁྱུ་ཚོགས་ལ་ཞིབ་འཇུག་དང་ལྟ་ཞིབ་ཚད་ལེན་བྱས་ནས་ལོ་23སོང་བ་དང་ཁོང་དང་ལས་རོགས་ཚོས་ཡུན་རིང་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱས་འབྲས་ལ་གཞིགས་ནས་གཙོད་གནས་སྤོ་བྱ་རྒྱུ་ནི་ཁོར་ཡུག་འགྱུར་ལྡོག་དང་བྱ་སྤྱོད་གོམས་གཤིས་སོགས་རྒྱུ་རྐྱེན་མང་པོའི་དབང་གིས་བྱུང་བ་ཞིག་ཡིན་པ་དང་།ལོ་རེ་བཞིན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས་དུས་ཚིགས་རང་བཞིན་གྱི་གཙོད་ཁྱུ་ཚོའི་མཉམ་སྡེབ་ཀྱི་དྲན་ཤེས་ཤིག་ཏུ་གྱུར་ཡོད།

ལན་ཤིན་མིང་གིས་ཧ་ལམ་ལོ་ངོ་8500ནས་4000བར་གྱི་གོང་དུ་མཚོ་བོད་ས་མཐོར་དུས་རབས་གསར་པའི་དྲོ་སྐྱིད་ལྡན་པའི་དུས་སྐབས་ཤིག་ཡོད།སྐབས་དེ་དུས་ནགས་ཚལ་དང་སྡོང་ཕྲན་རྩི་ཤིང་ལྷོ་ནས་བྱང་ཕྱོགས་སུ་སྤྱི་ཡོངས་ནས་ཨ་ཆེན་གངས་རྒྱབ་ཀྱི་ཀུའུ་ལུའུ་མཚོའི་རྒྱུད་དུ་སྐུལ་འདེད་བཏང་བ་དང་།རི་འཛེག་ལ་མི་མཁས་པ་དང་ནགས་ཚལ་གྱི་ཁོར་ཡུག་ལ་མི་དགའ་བའི་གཙོད་ཀྱི་ཁྱུ་ཚོགས་འཚོ་གནས་བྱ་ཡུལ་དེ་མཚོ་བོད་ས་མཐོའི་བྱང་རྒྱུད་ཀྱི་ས་བབ་མཐོ་བའི་དོག་ཅིང་རིང་བའི་ས་ཁུལ་དུ་བསྡུས་ཡོད།དེ་ནི་གནས་སྤོའི་འབྱུང་ཁུངས་ཡིན།

མིག་སྔའི་བར་གཙོད་གནས་སྤོ་བྱེད་པའི་རྒྱུ་རྐྱེན་སྐོར་ལ་ད་དུང་གཏན་འཁེལ་བྱས་མེད་མོད།འོན་ཀྱང་རིག་གཞུང་ལས་རིགས་ཀྱིས་གཙོད་སྲུང་སྐྱོང་གི་གྲུབ་འབྲས་དང་ཁྱུ་ཚོགས་སླར་གསོའི་ཕན་འབྲས་ལ་ཚད་མཐོའི་ཁས་ལེན་བྱས་ཡོད།

“མིས་ཡུལ་སྤོའི་ལམ་ཐིག་ལེགས་སུ་གཏོང་རྒྱུ་ནི་སྲུང་སྐྱོང་བྱ་ཐབས་ཀྱི་གྲས་ཤིག་རེད”ཝུའུ་ཞའོ་མིན་གྱིས་མཚོ་བོད་ས་མཐོའི་གཙོད་གནས་སྤོ་བགྲོད་ལམ་ཐོག་གཙོད་བདེ་འཇགས་ངང་ཤར་གཏོང་ཐུབ་རྒྱུར་ཤུགས་རྐྱེན་བཟོ་སྲིད་པའི་ལྕགས་དྲ་སྐོར་ཞིག་བཤིག་པ་མ་ཟད།ས་ཁུལ་ཁག་གཅིག་ཏུ་གཙོད་འཚོ་སྡོད་ཁུལ་གྱི་གནས་སྤོས་ཡུལ་མི་གནས་སྤོ་བྱས་ཡོད།མཚོ་བོད་ལྕགས་ལམ་གྱིས་གཙོད་ལ་སྲོག་ཆགས་ཀྱི་བགྲོད་ལམ་བཀོད་སྒྲིག་བྱས་ཡོད།བྱེད་ཐབས་དེ་དག་གིས་མིའི་རིགས་ཀྱི་བྱེད་སྒོས་སྲོག་ཆགས་ལ་འགོག་རྐྱེན་བཟོ་ཤུགས་ཆུང་དུ་བཏང་ནས་གཙོད་གནས་སྤོ་བདེ་བླག་ངང་འགྲོ་འོང་བྱེད་ཐུབ་ཡོད་ཅེས་བཤད།

དེ་དང་ཆབས་ཅིག་ཚན་རིག་མཁས་ཅན་གྱིས་གཙོད་ཀྱི་ཁྱུ་ཚོགས་ཀྱིས་མིའི་རིགས་ཀྱི་བྱེད་སྒོའི་འཕྲོད་ནུས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་པ་ལྟ་ཞིབ་ཚད་ལེན་ཐུབ་ཡོད།ཝུའུ་ཞའོ་མིང་གིས“ལོ་བཅུའི་གོང་གཙོད་ལ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད།ཉིན་གཉིས་གསུམ་ཙམ་འགོར་རྗེས་གཞི་ནས་མཚོ་བོད་གཞུང་ལམ་བརྒྱུད་ཐུབ་ཀྱི་ཡོད།ད་ཆ་ཐུང་ཤོས་ལ་སྐར་མ་བཅུ་ལྷག་ཙམ་དང་རིང་ཚད་ཆུ་ཚོད་ཁ་ཤས་ནང་བདེ་བླག་ངང་བསྐྱོད་ཐུབ་ཀྱི་ཡོད”ཅེས་བཤད།

གྲངས་གཞི་ལས་མངོན་པར་གཞིགས་ན།རང་རྒྱལ་གྱི་གཙོད་ཁྱུའི་གྲངས་འབོར་དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་དུས་མཇུག་གི་ཁྲི་6ནས་ཁྲི་7བར་ནས་ད་ཆའི་ཁྲི་30ཙམ་བར་སླར་གསོ་ཐུབ་ཡོད་པ་རེད།ལན་ཤིན་མིང་གིས“གཙོད་སྲུང་སྐྱོང་བྱ་རྒྱུ་ནི་མིའི་རིགས་སྲོག་ཆགས་སྲུང་སྐྱོང་ནང་ཞུགས་པའི་གྲུབ་འབྲས་ཐོབ་ཤོས་ཀྱི་དཔེ་མཚོན་གྲས་ཤིག་ཡིན་པ་ནི་སྨོས་མི་དགོས་པ་ཞིག་རེད”ཅེས་བཤད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།