ཨ་ཆེན་གངས་རྒྱབ་ཀྱི་སྐོར་ཞིབ་ཉིན་ཐོ། བར་ཆད་མི་གཏོང་བ་ནི་ཆེས་ལེགས་པའི་སྲུང་སྐྱོབ་ཡིན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

མིག་སྔར་ཨ་ཆེན་གངས་རྒྱབ་ནི་ལོ་གཅིག་ནང་གི་ཆེས་མཛེས་ཤོས་ཀྱི་དུས་ཚིགས་ཡིན་པའི་གཙོད་ཕྲུག་སྐྱེ་བའི་དུས་ཚིགས་སུ་སླེབས་ཡོད།དེ་གར་ཤིན་ཅང་གི་ཨའར་ཅིན་ཧྲན་དང་།བོད་ཀྱི་བྱང་ཐང་།མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་བཅས་ནས་ཡོང་བའི“གཙོད་ཨ་མ་ལགས”མཚོ་བོད་ལྕགས་ལམ་དང་མཚོ་བོད་གཞུང་ལམ་བརྒྱུད་གཙོད་ཕྲུག་སྐྱེ་བར་གཅིག་རྗེས་གཉིས་མཐུད་ངང་འབྱོར་གྱི་ཡོད།

2020ལོའི་ཟླ་7ཚེས་7ཉིན་ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་མཚེའུ་སྲུང་སྐྱོང་ས་ཚིགས་སུ་སྲུང་སྐྱོང་རུ་མི་ཚེ་དབང་རྡོ་རྗེས་གཙོད་ཕྲུག་གཅིག་ལ་ལྟ་སྐྱོབ་བྱེད་བཞིན་པའི་ཚུལ།

“དོགས་ཟོན་ལྷོད་གཡེང་དུ་གཏོང་མི་རུང་བ་དང་རྒྱུན་མཐུད་སྐོར་སྲུང་བྱས་ནས་གཙོད་བདེ་འཇགས་ཡོང་བ་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན”ཅེས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་ཆུ་འགོ་གླིང་ཁུལ་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་ཝུའུ་ཏའོ་ལེང་སྲུང་སྐྱོང་ས་ཚིགས་ཀྱི་སྐོར་ཞིབ་རུ་མི་བདེ་དགའ་ཡིས་བཤད།

མཚོ་བོད་གཞུང་ལམ་དང་མཚོ་བོད་ལྕགས་ལམ་གཉིས་ཨ་ཆེན་གངས་རྒྱབ་ཤར་རྒྱུད་དུ་བསྐྱོད་དེ་མཚོ་སྔོན་ནས་བོད་བར་སྣུར་སྲིང་བྱས་ཡོད།ཨ་ཆེན་གངས་རྒྱབ་ཀྱི་ཝུའུ་ཏའོ་ལེའང་དུ་གནས་པའི་མཚོ་བོད་གཞུང་ལམ་གྱི་སྤྱི་ལེ་3001དང་3002མཚམས་སུ་གཙོད་གནས་སྤོ་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་དང་ས་བབ་མཐོ་ཚད་སྨི་4600ལས་བརྒལ་ཡོད།“འདི་ལོའི་ཟླ་5ཚེས་7ཉིན་ནས་བཟུང་ང་ཚོས་གཙོད་མོ་མཚོ་བོད་གཞུང་ལམ་བརྒྱུད་རིམ་བཞིན་མཐོང་བྱུང”བདེ་དགས་མིག་སྔའི་བར་མཚོ་བོད་གཞུང་ལམ་བརྒྱུད་པའི་གཙོད་5100ལས་བརྒལ་ཡོད།

ཉིན་ཤས་གོང་གསར་འགོད་པས་ཝུའུ་ཏའོ་ལེའང་བརྒྱུད་མཚོ་བོད་ལྕགས་ལམ་གྱི་གདུང་བྱང་ཟམ་ཆེན་གྱི་ཉེ་འགྲམ་དུ་གཙོད་ཁྱུ་ཡིས་མགོ་བོ་སྒུར་ནས་ཟས་འཚོལ་བ་དང་གཙོད་ཉུང་ཤས་གནས་སྤོ་རུ་ཁག་གི་མདུན་ཕྱོགས་སུ་སྐྱོད་བཞིན་ཡོད་པ་མཐོང་བྱུང་།

གཙོད་གནས་སྤོ་བྱེད་པ་ནི་ཁྱུ་ཚོགས་རྒྱུན་མཐུད་དང་འབྲེལ་བ་ཡོད་པའི་ཐག་རིང་འགྲུལ་བཞུད་ཅིག་ཡིན་པ་དང་།བཙའ་རྒྱུར་ལུས་པའི་གཙོད་མོ་གཙོད་ཕྲུག་སྐྱེ་བར་སྐྱོད་པའི་ལམ་བར་དུ་གནམ་གཤིས་ངན་པ་དང་དགྲ་བོ་སྐོར་བ་རྒྱག་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱེད་དགོས་ཀྱི་ཡོད།

མིའི་རིགས་ཀྱིས་སྲོག་ཆགས་གནས་སྤོ་བྱེད་པར་འགོག་རྐྱེན་བཟོ་ཚད་ཉུང་དུ་གཏོང་ཆེད།ཨ་ཆེན་གངས་རྒྱབ་ཀྱི་སྐོར་ཞིབ་རུ་མིས་མཚོ་བོད་གཞུང་ལམ་གྱི་ལམ་རྒྱུད་དང་མི་མེད་ཁུལ་གྱི་ས་ཚིགས་སུ་སྐོར་གཡེང་བྱེད་ཀྱི་ཡོད།གལ་སྲིད་གཙོད་ཁྱུ་གཞུང་ལམ་བརྒལ་རྩིས་བྱས་ཚེ་ཁོང་ཚོས་འཕྲལ་མར་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱེད་ཀྱི་ཡོད།

འདི་ལོའི་ཟླ་བཞི་པའི་ཟླ་སྨད་ནས་བཟུང་བདེ་དགའ་དང་སྲུང་སྐྱོང་ས་ཚིགས་ཀྱི་རུ་མི་ཚོས་ཉིན་ལྟར་མཚོ་བོད་གཞུང་ལམ་བརྒྱུད་ཕར་འགྲོ་ཚུར་འོང་ཆུ་ཚོད་12ཡན་བྱེད་ཀྱི་ཡོད།སྐོར་སྲུང་བྱེད་རིང་ཁོང་ཚོས་རྒྱང་ཤེལ་ཐོག་ནས་ལྟ་ཞིབ་ཡང་ཡང་བྱས་ཏེ་གཙོད་ལུག་ཁྱུ་གཞུང་ལམ་དང་ཐག་ཉེ་པོ་ཡོད་པ་ཤེས་ཚེ་གཞུང་ལམ་གཡས་གཡོན་གྱི་རླངས་འཁོར་དུས་ཐོག་ཏུ་བཀག་ནས་གཙོད་ཁྱུ་གཞུང་ལམ་དང་བྲལ་རྗེས་སླར་ཡང་རླངས་འཁོར་གཏོང་གི་ཡོད།

ཝུའུ་ཏའོ་ལེའང་མཐོ་གྲང་དང་གསོ་རླུང་མི་འདང་བའི་སྐབས་སུ་དེ་གར་སྐྱོད་མཁན་ཚོར་དཀའ་ངལ་གང་ཡང་མེད་མོད།འོན་ཀྱང་གཙོད་ཀྱིས་གཞུང་ལམ་བརྒལ་ཚེ་མཚོ་བོད་གཞུང་ལམ་དེ་སྐད་ཅིག་ཉིད་དུ་མཚམས་འཇོག་བྱེད་ཀྱི་ཡོད་པ་དང་རླངས་འཁོར་གྱིས་དུང་བརྡ་གཏོང་བ་དང་ཡུལ་སྐོར་བ་རླངས་འཁོར་ནས་བབས་ནས་ལྟ་བར་ཡོང་མེད།“སྐབས་འགར་འགྲིམ་འགྲུལ་བཀག་སྡོམ་ཆུ་ཚོད་གཅིག་ལས་བརྒལ་ཡང་འཁང་ར་བྱེད་མཁན་གཅིག་ཀྱང་མེད”ཅེས་སྡེ་དགས་བཤད།

ཝུའུ་ཏའོ་ལེའང་དང་བར་ཐག་སྤྱི་ལེ་140ཙམ་ཡོད་པའི་རྩོ་ནག་མཚོར་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡིས་དུས་ཚིགས་རང་བཞིན་གྱི་སྲུང་སྐྱོང་ས་ཚིགས་ཤིག་བཙུགས་ནས་གཙོད་ཕྲུག་སྐྱེ་བར་ཆེད་མངགས་སྲུང་སྐྱོབ་བྱས་ཡོད།ཤེས་རྟོགས་བྱུང་བར་གཞིགས་ན།ཟླ་5ཚེས་27ཉིན་ནས་བཟུང་ཨ་ཆེན་གངས་རྒྱབ་ཀྱི་སྐོར་ཞིབ་རུ་ཁག་གིས་གཙོད་གནས་མཚོར་དུས་ཡུན་ཟླ་གསུམ་ཙམ་གྱི་བཅའ་སྡོད་ས་ཚིགས་སུ་ལས་རེས་བྱེད་འགོ་ཚུགས་པ་རེད།

རླངས་འཁོར་ཞིག་གསོ་བྱེད་བཞིན་པའི་ཚུལ།

གཙོད་གནས་མཚོ་དང་དེ་བཞིན་མཐའ་འཁོར་ས་ཁོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4800ལས་བརྒལ་བ་དང་སྐོར་ཞིབ་རུ་མིས་ཉེ་དུས་དེ་གར་སྐོར་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད།སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་ཚེ་བསོད་སྐྱབས་ཀྱིས“སྐོར་སྲུང་བྱེད་རིང་ང་ཚོས་གཙོད་གནས་མཚོའི་ཉེ་འགྲམ་དུ་རླངས་འཁོར་གྱི་རྗེས་ཤུལ་དང་རྐང་རྗེས་སོགས་མིའི་རིགས་ཀྱི་འགུལ་སྐྱོད་རྗེས་ཤུལ་ཡོད་མེད་ལ་གཙོ་གནད་ཐོག་ལྟ་ཞིབ་བྱེད་དགོས་པ་དང་།རྒྱང་ཤེལ་ལ་བརྟེན་ནས་གཙོད་ཕྲུག་སྐྱེ་བའི་གནས་ཚུལ་ལ་ལྟ་ཞིབ་བྱེད་དགོས་ཤིང་།སུན་པོ་མ་བཟོས་ན་སྲུང་སྐྱོང་ཡག་ཤོས་དེ་རེད”ཅེས་བཤད།

ད་ལྟ་གཙོད་མོ་དེ་གཙོད་གནས་མཚོའི་མཐའ་འཁོར་གྱི་རི་ལྡེབས་སུ་ཐོན་ཡོད།“རང་བྱུང་ཁམས་ཆེན་པོ་སྲུང་སྐྱོང་བྱས་ནས་སྲོག་ཆགས་རྣམས་དེ་གར་འཚོ་གནས་ཐུབ་པ་བྱ་རྒྱུ་ནི་སྐོར་ཞིབ་རུ་མིའི་ལས་འགན་གལ་ཆེ་ཤོས་དེ་རེད”ཅེས་ཚེ་དབང་རྒྱལ་གྱིས་བཤད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།