མཚོ་སྔོན་གྱིས་སྣོད་བཅུད་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས་ལྗང་མདོག་གི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

སྔོ་ཞིང་བསངས་པའི་ནམ་མཁའ་དང་དྭངས་ཤིང་གཙང་བའི་ཆུ་བོ།རི་བོ་སྔོ་ཞིང་དྭངས་པ།ས་གཙང་བ་བཅས་ནི་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་ཡིན་ལ་མཚོ་སྔོན་གྱིས་སྣོད་བཅུད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བར་ཐོབ་པའི་གྲུབ་འབྲས་ཤིག་ཀྱང་རེད།

མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་སྒྱུར་བཅོས་ལ་བརྟེན་ནས་འཚོ་བ་སྐྱེལ་བ།མཛེས་སྡུག་ལྡན་པའི་མཚོ་སྔོན་ནི་སྒྱུར་བཅོས་ཀྱི་དབང་གིས་དར་རྒྱས་བྱུང་བ་ཞིག་རེད།

ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་པའི་ལག་ལེན་ཁྲོད་མཚོ་སྔོན་གྱི་སྣོད་བཅུད་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་སྒྱུར་བཅོས་གསར་གཏོད་དང་སྦྲེལ་མཐུད་བྱས་ཡོད།

སྣོད་བཅུད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་ལ་རམ་འདེགས་བྱེད་པའི་རྩ་བའི་སྒུལ་ཤུགས་སུ་བརྩིས་ནས་ཁ་ཕྱོགས་ཡང་དག་འཛིན་པ་དང་།གཞུང་དྲང་གསར་གཏོད།དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་སུ་འཕེལ་རྒྱས་གལ་ཆེན་ཡོང་བའི་བརྩོན་ལེན་བྱས་ཏེ་མཚོ་སྔོན་གྱི་སྣོད་བཅུད་ལས་དོན་གྱི་འདས་ཟིན་པ་དང་།ད་ལྟ།འབྱུང་འགྱུར་བཅས་ཀྱི་དུས་ཡུན་རིང་པོའི་ནང་གི་རྨང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།

ཟླ་6པའི་མདོ་ལ་རི་བོར་བསིལ་རླུང་བརྩེ་བསས་ཁེངས་ཤིང་ཆུ་མོར་འཛུམ་གྱིས་ཕྱུག

མཚོ་སྔོན་ཞིང་ཆེན་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་ཆིང་དབྱང་ལུང་ཤུར་གྱི་དོ་དམ་སྲུང་སྐྱོང་ས་ཚིགས་སྲུང་སྐྱོང་ཁུལ་གྱི་དབུས་སུ་མི་མེད་གནམ་གྲུ་ཆུང་ཆུང་ཞིག་མཁའ་དབྱིངས་སུ་འཕྱུར་ནས་རི་ཀླུང་འཕུར་བ་རེད།

མི་མེད་གནམ་གྲུ་ནི་རྒྱུན་གཏན་གྱི་ཕྱི་རོལ་དུ་སྐོར་སྲུང་བྱེད་བཞིན་པའི་ཆིང་དབྱང་ལུང་ཤུར་གྱི་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་དབྱང་མོ་མཚོས་བཏང་བ་ཞིག་རེད།ཁོང་གིས་བྱང་ཆུབ་པའི་སྒོ་ནས་འཕྲུལ་འཁོར་བཀོལ་སྤྱོད་བྱས་ཏེ་མི་མེད་གནམ་གྲུའི་མཐའ་མའི་བརྙན་ཤེལ་ཕྱེ་སྐབས་སྤྱི་ལེ་གྲངས་ཡོད་པའི་ནང་གི་རི་ཆུ་དང་ནགས་ཚལ་ཚང་མ་མིག་གིས་ཁེངས།

སྲུང་སྐར་རྒྱང་ཚོར་དང་ས་ངོས་ཀྱི་སྣོད་བཅུད་ངེས་གནས་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་དང་ཟུང་འབྲེལ་བྱས་ཚེ་ཆུ་ཚོད་གཅིག་ལས་མི་དགོས་པར་ཁོང་གིས་འགན་འཁུར་བའི་སྤྱི་ལེ་ངོས་གྲུ་30ཙམ་གྱི་ཁོངས་གཏོགས་ནང་གི་སྣོད་བཅུད་ཁོར་ཡུག་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་ཡོད།ལོ་འགའི་གོང་དུ་ལས་ཀ་དེ་རིགས་ལེགས་སྒྲུབ་བྱེད་དགོས་པས་དབྱང་མོ་མཚོས་དུས་ཚོད་མི་ཉུང་བ་ཞིག་གཏོང་དགོས་ཀྱི་ཡོད།

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གིས་རིག་ལྡན་སྤྱི་གླིང་འཛུགས་སྐྲུན་གྱི་སྒྱུར་བཅོས་གསར་གཏོད་ལག་བསྟར་ཤུགས་ཆེན་བྱས་ནས་སྣོད་བཅུད་བདག་སྐྱོང་བའི་ལས་དོན་སྤེལ་སྟངས་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།

“གཙང་གསུམ་ཆུ་འགོ”དུ་གནས་པ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་ཀྱི“ཡོལ་གཉིས་དང་རྒྱུད་གསུམ”གྱི་འཐབ་ཇུས་རྣམ་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་མཚོ་སྔོན་གྱིས“ཀྲུང་ཧྭའི་ཆུ་མཛོད”གིས་མི་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།

མཚོ་བོད་ས་མཐོའི་རྒྱལ་ཁབ་ཀྱི་སྤྱི་གླིང་ཚོགས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས།མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་འཚོལ་ཞིབ་དང་སྤྱི་འདོམས་སྐུལ་འདེད་ཧུར་ཐག་བཏང་ཡོད།མིག་སྔར།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་གླིང་འཛུགས་པའི་དུས་འགོའི་གྲ་སྒྲིག་ལས་དོན་ཁག་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་དང་།མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གིས་གསར་འཛུགས་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་དཔྱད་དཔོག་བྱ་རྒྱུར་སྒུག་བཞིན་ཡོད།

རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་དགོས།གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་གཅིག་སྡུད་གཅིག་གྱུར་གྱི་ཐད་ཀར་དོ་དམ་བྱེད་པ་དང“གླིང་གཅིག་དང་ཁུལ་གསུམ”གྱི་བཀོད་སྒྲིག་གཞིར་བཟུང་ལས་སྒོ་ཅུས་བཙུགས་ནས་སྤྱི་གླིང་ནང་གི་སྣོད་བཅུད་དང་།ནགས་རྩྭ།ཆུ་བེད།ཞིང་འབྲོག་དང་རང་བྱུང་ཐོན་ཁུངས་སོགས་ཀྱི་དོ་དམ་འགན་ནུས་འཁུར་ནས་ཁྲིམས་འཛིན་ཅུས་བཙུགས་ཏེ་སྤྱི་གླིང་ནང་གི་ཁྲིམས་འཛིན་འགན་ནུས་ལག་བསྟར་བྱས་ཏེ་ས་གནས་དང་སྤྱི་གླིང་གི་ཁྱབ་ཁོངས་གཞིར་བཟུང་དོན་གཅོད་དབང་ཆ་དབྱེ་རྒྱུ་རེད།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གིས“དུམ་བུ་ཟུང་འབྲེལ་དང་དུམ་བུ་གཙོ་བོར་བྱེད་པའི”དོ་དམ་བྱེད་སྟངས་ལག་བསྟར་བྱས་ནས་ཡན་ལག་ཅུས་དང་རང་བྱུང་སྲུང་སྐྱོང་ཁུལ་དབྱི་ཐུའོ་རྫོང་ནགས་ལས་རྩྭ་ཐང་ཅུས་དང་རྫོང་རིམ་པའི་ནགས་ར་སྒོ་བྱང་བཀལ་ནས་བཙུགས་པ་དང་ཞིབ་ཕྲའི་ལས་དོན་ས་གནས་འགན་ནུས་སྡེ་ཚན་ལ་བརྟེན་དགོས།མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གིས་དོ་དམ་ཉིས་བརྩེགས་དང་།སྣོལ་མར་འགན་འཁུར་བ།ཕྱོགས་བསྡུས་ཁྲིམས་འཛིན་གསར་པ་སོགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་བྱས་ནས་སྔར་ཡོད་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་འགན་ནུས་དང་ཡུལ་སྐོར་གཉེར་སྐྱོང་འགན་ནུས་ཁ་བྲལ་ནས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་མཐུན་སྦྱོར་ལྟ་སྐུལ་མཛུབ་ཁྲིད་ཅུས་འཛུགས་རྒྱུ་རེད།

རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གི་བར་སྟོང་བཀོད་སྒྲིག་འཐུས་ཚང་དུ་གཏོང་དགོས།རང་བྱུང་སྲུང་སྐྱོང་ཁུལ་བསྡུ་སྒྲིལ་ལེགས་སྒྱུར་བྱས་པ་བརྒྱུད་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་109རིགས་7དང་ཁག་83ལ་བསྡུ་སྒྲིལ་བྱས་པ་དང་རྒྱལ་ཁབ་སྤྱི་གླིང་གིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་75.85%བཟུང་ཡོད།རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་།རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ།རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་ཁ་གསབ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གསར་པ་རགས་ཙམ་ཆགས་ཡོད་པ་རེད།

ད་ཆ་གཙང་གསུམ་ཆུ་འགོར་མཚེའུ་སྟོང་གི་མཛེས་ལྗོངས་སླར་ཡང་མངོན་ཡོད།དུས་རབས་ཉི་ཤུ་པར་གཙོད་ཁྲི་2ཡང་ཟིན་གྱི་མེད་ཀྱང་ད་ཆ་ཁྲི་7ལྷག་ཙམ་བར་སླར་གསོ་བྱུང་བ་དང་།ས་མཐོའི་སྲོག་ཆགས་གསའ་གཟིག་ལྟ་ཞིབ་ཚད་ལེན་བྱེད་ཚད་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་ཟིན་པ།མཚོ་སྔོན་པོར་བྱ་རིགས་སྣ་ཚོགས་ཁྲི་དྲུག་ཅུ་ལྷག་ཙམ་ཟིན་པ།མཚོ་སྔོན་པོའི་ཙོང་ལི་སྲུང་སྐྱོང་དུས་འགོའི་ཏུན་ཉིས་སྟོང་ལྔ་བརྒྱ་ལྷག་ནས་ཏུན་ཁྲི་12བར་སླར་གསོ་བྱུང་ཡོད།

རི་སྔོ་ཆུ་དྭངས་སྲུང་སྐྱོང་དང་ཉམས་གསོའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།

ཁོར་ཡུག་བཟང་པོ་ཚན་རིག་དང་མཐུན་པའི་ཉམས་གསོ་དང་ཁ་འབྲལ་ཐབས་མེད།སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བཟོ་བ་དང་མཚོ་སྔོན་གྱི་རང་བྱུང་སྣོད་བཅུད་མ་ལག་གི་གནས་ཚུལ་ལེགས་སུ་དང་རིམ་སྤོར་བྱ་ཆེད།ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྣོད་བཅུད་མ་ལག་མང་པོ་སྲུང་སྐྱོང་དང་ཉམས་གསོའི་འདུ་འགོད་གལ་ཆེན་མང་པོ་ཞིག་སྣེ་ཁྲིད་དང་གཞོགས་འདེགས་བྱས་ནས་ལག་བསྟར་བྱས་ཏེ་སྣོད་བཅུད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སླར་ཡང་ཤུགས་སྣོན་བརྒྱབ་ཡོད།

ཟི་ལིང་གི་བྱང་རིའི་སྤྱི་གླིང་དུ་ཟི་ལིང་གི་གྲོང་མི་ཝང་ལི་དང་ཁོང་གི་ལོ་13ལ་སླེབས་པའི་བུ་མོ།ལོ་7ལ་སླེབས་པའི་བུ་བཅས་ཚང་མར་རང་ཉིད་ཀྱིས་གསོས་པའི་སྡོང་བོ་ཡོད་པ་དེ་ནི་མདོ་ལ་རིང་མོའི་ཤུག་པ་གཉིས་དང་ཧའེ་ཐང་སྡོང་བོ་གཅིག་ཡིན་པ་རེད།ལོ་གསུམ་བཞིའི་རིང་།ཟླ་4ཚེས་13ཉིན་ཝང་ལི་ཡི་སྐྱེས་སྐར་གྱི་ཉིན་དེར་ཁོང་གིས་ནང་མི་དང་ཕྲུ་གུ་ཁྲིད་དེ་བྱང་རིར་འཛེགས་པ་དང་།ཕྱོགས་གཅིག་ནས་སྔོ་ལྗང་གི་མཛེས་ལྗོངས་ལ་ལྟ་ཞོར་དུ་སྡོང་ཕྲུག་ལ་ས་སོབ་པ་དང་ཆུ་རྒྱག་གི་ཡོད།

བྱང་རིའི་སྤྱི་གླིང་གི་ལས་དོན་མི་སྣས་གསར་འགོད་པར་གླིང་ཁུལ་ནི་རྒྱལ་ཁབ་རིམ་པའི་དྲ་སྦྲེལ་དང་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་རྟེན་གཞི་ཡིན་པ་དང་བསྐྲུན་ནས་ད་བར་མི་སྟོང་ཕྲག་(ཐེངས)ལྷག་ཙམ་ཞུགས་ཡོད་པ་དང་།སྡོང་ཕྲུག་ཁྲི་ལྷག་ཙམ་གསོ་སྐྱོང་བྱེད་ཀྱི་ཡོད།

“བྱང་གསུམ”འགོག་སྲུང་ནགས་ཚལ་ལས་གྲྭའི་ཁྲོད་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་ལྷུ་ཚིགས་ཤིག་ཡིན་པའི་ཟི་ལིང་གི་བྱང་རིའི་སྔོ་འགྱུར་ལས་དོན་གྱིས་ཀྱང་དུས་རབས་འཕེལ་རྒྱས་དང་བསྟུན་ནས་སྒྱུར་བཅོས་ཚོད་ལྟ་དང་རྙིང་འབུད་གསར་འདོན་བྱས་ཡོད།

“མིག་སྔར‘བྱང་གསུམ’འདུ་འགོད་ཀྱི་འགག་སྒྲོལ་དམག་འཐབ་འགོ་ཡག་པོ་ཞིག་བཙུགས་ཡོད་པས་འབྱུང་འགྱུར་འདུ་འགོད་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་ཇུས་འགོད་བྱེད་དགོས་པ་མ་ཟད།གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་དེ་བས་སྣང་ཆེན་བྱས་ཏེ་ལྗང་མདོག་དང་འཕར་ཚད་མང་དུ་གཏོང་རྒྱུ་དེ་ལྗང་མདོག་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་གལ་ཆེ་མཉམ་དུ་འཛིན་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད”ཅེས་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱི་བྱང་གསུམ་ཆེད་ལས་འཛིན་གྲྭའི་འབྲེལ་ཡོད་འགན་འཁུར་བས་བཤད།

མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་གལ་ཆེན་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས།“བཅུ་བཞི་ལྔ”ཡི་རིང་མཚོ་སྔོན་གྱིས་གསེར་ཆེན་གཤོངས་སའི་བྱེ་འགྱུར་འགོག་བཅོས་དང་དེ་བཞིན་རྩྭ་ཐང་གི་སྣོད་བཅུད་སླར་གསོ་བཅོས་སྐྱོང་དང་།ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཆུ་ཁུངས་གསོ་འཁྱོངས་དང་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་སླར་གསོ།ནག་ཆུའི་ཆུ་འགོའི་ཁུལ་གྱི་ཆུ་ཁུངས་གསོ་འཁྱོངས་དང་སྣོད་བཅུད་སླར་གསོ་སོགས་ཀྱི་རྣམ་གྲངས་གཙོ་གནད་ཐོག་བསྐྲུན་ནས་2022ལོ་ནས་བཟུང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

རྨ་ཆུའི་སྐྱེ་ཁམས་ཁུལ་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་གལ་ཆེན་ལག་བསྟར་བྱ་དགོས།འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྨ་ཆུའི་གཙོ་གནད་སྣོད་བཅུད་ཁུལ་གྱི“བཅུ་བཞི་ལྔ”ཡི་གཙོ་གནད་རྣམ་གྲངས་འཆར་འགོད་བྱས་ཏེ་ས་སེར་ས་མཐོའི་ས་ཆུ་ཤོར་ཚུལ་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་དང་རྨ་ཆུ་དང་ཙོང་ཆུའི་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་གཙོ་གནད་རྣམ་གྲངས་གཏན་འཁེལ་བྱེད་དགོས།

འབྲི་ཆུའི་སྐྱེ་ཁམས་ཁུལ་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་གལ་ཆེན་ལག་བསྟར་བྱེད་དགོས།འབྲི་ཆུའི་གཙོ་གནད་སྣོད་བཅུད་ཁུལ་གྱི་“བཅུ་བཞི་ལྔ་”ཡི་གཙོ་གནད་རྣམ་གྲངས་འཆར་འགོད་བྱས་ཏེ་རི་ཁུལ་གྱི་ཆུ་ཁུངས་གསོ་འཁྱོངས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་གཙོ་གནད་ལས་གྲྭ་རྒྱལ་མོ་རྔུལ་ཆུ་རྒྱུག་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་ཆུ་ཁུངས་གསོ་འཁྱོངས་སྣོད་བཅུད་སླར་གསོའི་རྣམ་གྲངས་གཏན་འཁེལ་བྱེད་དགོས།

སྐྱེ་ཁམས་ཐོན་རྫས་ཞིབ་རྩིས་བྱས་འབྲས་བེད་སྤྱོད་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས

ཡུལ་སྐོར་བ་མང་བའི་དུས་ཚིགས་ཤར་སྐབས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་ཚྭ་ཁ་ཚྭ་མཚེའུ་ཡིས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ནས་ཡུལ་སྐོར་བྱེད་མཇུག་འགྲིལ་རྗེས་མཛེས་ལྗོངས་ཁུལ་ནས་བྱང་ཕྱོགས་སུ་བདེ་སྐྱིད་ལམ་བུ་བརྒྱུད་ཚྭ་ཁ་གྲོང་རྡལ་བྲག་དབྱིང་གྲོང་ཚོར་བསྐྱོད་སྐབས་ཡུལ་སྐོར་བས་ཞིང་པའི་ཞག་སྡོད་དང་ཁྱད་ལྡན་ཟས་མཆོག་མྱོང་རོལ་བྱེད་ཐུབ།

ཧྲེན་ཏེ་ཕིང་ནི་གྲོང་ཚོའི་ནང་གི“སྡིག་སྲིན་ཟ་བ་”ཞེས་པའི་མགྲོན་ཁང་གཉེར་མཁན་དང་པོ་དེ་ཡིན།“གྲོང་གསར་དུ་སྤོས་རྗེས་ངས་ཁྱིམ་ཚང་མགྲོན་ཁང་དང་པོ་དེ་གཉེར་བ་ཡིན།ཡུལ་སྐོར་བ་མང་བའི་དུས་སུ་ལོའི་ཡོང་འབབ་སྒོར་ཁྲི་བཅུ་ལྷག་ཙམ་ཡོང་གི་ཡོད།རྗེས་སུ་གྲོང་ཚོའི་ཁྱིམ་ཚང་ཚང་མས་ཡུལ་སྐོར་ལས་རིགས་གཉེར་ནས་ཞིང་དུད་སྤྲོ་སྐྱིད་ཁང་གཉེར་ཏེ་གྲོང་ཚོ་ཡོངས་ལ་ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་རག་གི་ཡོད”ཧྲེན་ཏེ་ཕིང་གིས་གསར་འགོད་པར་བཤད།

པ་དབྱིན་གྲོང་ཚོའི་ཉམས་འགྱུར་ནི་ཚྭ་ཁ་གྲོང་རྡལ་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་“དཔེ་དབྱིབས”ཞིག་རེད་ཅེས་བརྗོད་ཆོག“ཚྭ་ཁ་ཆེན་པོའི”ཡུལ་སྐོར་ཕྱོགས་བསྡུས་སྒྲིག་གཞི་བཏོད་པ་བརྒྱུད་ཚྭ་ཁ་གྲོང་རྡལ་གྱིས“སྣོད་བཅུད་ཐོན་ལས་ཅན་དང་ཐོན་ལས་སྣོད་བཅུད་ཅན”གྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་བསྐྲུན་པའི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་བཟའ་བཏུང་ཞག་སྡོད་ཞབས་ཞུ་སོགས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཡུལ་སྐོར་དབུལ་སྐྱོར་ཐོན་ལས་ཀྱིས་ལོ་ལྟར་མཐའ་འཁོར་ས་ཁུལ་གྱི་དཔལ་འབྱོར་ཡོང་འབབ་སྒོར་དུང་ཕྱུར་4ཙམ་ཡོང་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད།

2023ལོའི་ཟླ་9པར《“ཚྭ་ཁ་མཚོ”ཡིས་རང་བྱུང་ཐོན་ཁུངས་ཀྱི་རིན་ཐང་སྣ་ཚོགས་འདོན་སྤེལ་བྱས་ནས་སྣོད་བཅུད་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བའི་གྱོད་དཔེ》རང་བྱུང་ཐོན་ཁུངས་པུས་ཁྱབ་བསྒྲགས་བྱས་པའི་སྣོད་བཅུད་ཐོན་རྫས་ཁག་བཞི་པའི་རིན་ཐང་དཔེ་མཚོན་གྱོད་དཔེ་ནང་བདེ་བླག་ངང་བདམས་པ་དེ་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་སྣོད་བཅུད་ཐོན་རྫས་ཀྱི་རིན་ཐང་དེ་རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་སྲིད་ཇུས་གསར་གཏོད་ནས་ཞིབ་ཕྲའི་གྱོད་དཔེ་ལག་ལེན་བར་མངོན་འགྱུར་བྱུང་བ་མཚོན་ཡོད།

སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་ནི་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་བའི་འགག་རྩའི་ཐབས་ལམ་ཞིག་ཡིན་པས།མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་ལྗང་མདོག་འཕེལ་རྒྱས་དང་སྲུང་སྐྱོང་ནུས་ལྡན་བྱས་ཏེ་སྣོད་བཅུད་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་ལ་རྨང་གཞིའི་དངོས་པོ་དང་བར་མཐོངས་འགན་ལེན་ཟམ་མི་ཆད་པར་བྱས་པ་དང་།《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་སྣོད་བཅུད་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་ལས་ཀའི་ཇུས་གཞི》པར་འགྲེམས་བྱས་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བཟོ་བ་དང་རྒྱལ་ཁབ་ས་ཆའི་བར་མཐོངས་རྣམ་པ་ལེགས་སུ་གཏོང་བ་སོགས་ཕྱོགས་བཞིའི་ཐད་ནས་ཞིབ་ཕྲའི་བྱེད་ཐབས་ཁག་11བཟོས་ཏེ་སྣོད་བཅུད་ཐོན་རྫས་མཁོ་སྤྲོད་ནུས་ལྡན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།

ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱིས་སྣོད་བཅུད་ཐོན་རྫས་ཞིབ་རྩིས་བྱས་འབྲས་འཆར་འགོད་སྒྲིག་བཟོ་དང་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཛུགས་པའི་འབྲེལ་ཡོད་ལས་འགན་དང་ལས་ཀའི་བྱ་ཐབས་ཁ་གསལ་བཟོས་ཏེ་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་ཡོལ་ཁུལ་གྱི་གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་མོའི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོར་མུ་མཐུད་སྐུལ་འདེད་བཏང་བ་དང་།མི་ཐབས་ལ་བརྟེན་ནས་ཤིང་འཛུགས་རྩྭ་འདེབས་དང་།ས་རྒྱུ་ལེགས་བཅོས།ཕྱིའི་ཆུ་ལ་འདྲེན་པ།དེ་བཞིན་ཆུ་སྐྱེས་རྩི་ཤིང་གསོ་སྤེལ་སོགས་བྱས་ནས་ཐཱན་འདུས་བྱེད་ཚད་མང་དུ་གཏོང་བའི་ལག་རྩལ་དང་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱ་དགོས།

སྐྱེ་ཁམས་ཁོར་ཡུག་འཛུགས་སྐྱོང་བྱ་རྒྱུ་དེ་དམངས་འཚོ་དང་འབྲེལ་བ་ཡོད།སྣོད་བཅུད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་འཚམ་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་བསྐྲུན་ཆེད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱེད་པ་དང་སྣོད་བཅུད་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་ནས་མཚོ་སྔོན་གྱི་སྤུས་ལེགས་འཕེལ་རྒྱས་ལ་མདུན་ལམ་གཏོད་རྒྱུ་དང་མཚོ་སྔོན་གོམ་སྟབས་ཆེན་པོས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་གྱི་རྗེས་ཟིན་པ་བྱ་རྒྱུ་རེད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།