ང་ཚོས་རྨ་ཆུའི་འགོ་ཁུངས་སྲུང་སྐྱོབ་བྱེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

རྨ་ཆུའི་འབྱུང་ཁུངས་མཚོ་སྔོན་ནས་བྱུང་བ་དང་།ལང་ལོང་དུ་རྒྱུག་པའི་རྣམ་པའི་ཐོག་ནས་འབབ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་བསྐྲུན་ནས་ཀྲུང་ཧྭའི་དཔལ་ཡོན་སྐྱེད་སྲིང་བྱེད་ས་ཞིག་ཏུ་གྱུར་ཡོད།

རྨ་ཆུའི་ཆུ་འགོ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཤང་དགུ་གཡང་གྲོང་ཚོའི་བ་ཡན་རི་བོའི་རྫོང་ལེ་གཤོང་ས་ཡིན།ཆུ་ཕྲན་ཆུ་ཕྲན་གཅིག་ཏུ་འདུས་ནས་ཆུ་བོ་ཆགས་པ་དང་།གཙང་པོའི་ཞེང་ཆེ་ལ་ཆུ་གཏིང་ཟབ་པ་དང་།བཞུར་ཚད་དལ་བས།འདམ་རྫབ་ཆེན་པོའི་རྩྭ་ཐང་དང་ཆུ་བོ་མང་པོ་ཆགས་ཡོད།མཐོ་སར་འཛེགས་ནས་རྒྱང་ལྟ་བྱས་ཚེ།ཉི་འོད་ཀྱི་འོག་ཏུ་འོད་ཆེམ་ཆེམ་དུ་འཕྲོ་བ་ནི་རྨ་བྱའི་ཡོལ་བ་ཕྱེ་བ་དང་འདྲ།

རྨ་ཆུ་ནི་ཆུ་དམར་ལེབ་རྫོང་གི་འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་3194ཡོད་པ་དང་།སྤྱིའི་རིང་ཚད་ལ་སྤྱི་ལེ་1127ཡོད་པ་དང་།ས་བབ་མཐོ་ཚད་སྨི་4624ཡོད་པ།རྨ་སྟོད་ཤང་དང་བར་ཐག་སྤྱི་ལེ་46ཡོད་པ་བཅས་རེད།“རྨ་ཆུའི་ཆུ་འགོ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ང་ཚོས་འཁུར་དགོས་པའི་འགན་འཁྲི་དང་འོས་འགན་ཡིན”ཆུ་དམར་ལེབ་མི་དམངས་ཁྲི་4.7གྱི་བསམ་འདུན་དང་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད།

ཉེ་བའི་ལོ་ཤས་རིང་།ཆུ་དམར་ལེབ་རྫོང་གིས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“དེ་བས་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ཏེ་འབྱུང་རྩའི་འགན་འཁྲི་བརྟན་དུ་བཏང་ནས་རྨ་ཆུའི་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་སྣོད་བཅུད་སླར་གསོ་བཅོས་སྐྱོང་བྱ་རྒྱུ་ཨང་དང་པོར་བཞག་སྟེ་རི་ཆུ་ནགས་ཞིང་མཚེའུ་དང་།རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་།

བློ་གཅིག་སེམས་གཅིག་གིས་སྲུང་སྐྱོང་བྱས་ནས་ཆུ་དྭངས་མོ་གཅིག་ལས་མེད།

ཟླ་5པར་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡོད་པའི་ཆུ་དམར་ལེབ་རྫོང་དུ་གཞི་ནས་རིམ་བཞིན་དར་ཞིག་འགོ་ཚུགས་ཡོད།

ཟླ་5ཚེས་20ཉིན་གྱི་ཞོགས་པ་རྨ་ཆུའི་ཆུ་འགོ་དང་བར་ཐག་སྤྱི་ལེ་10ཡོད་པའི་སར་གནས་པ་དང་རྒྱང་རིང་ནས་བལྟས་ཚེ་སྐྱ་ཐིང་ཐིང་གི་རྩྭ་ཐང་ཐོག་ཁང་པ་ཞིག་ཡོད་པ་དང་གློག་འོད་ཕྲ་མོ་སྒེའུ་ཁུང་ནས་ཕྱིར་མངོན་པ་དང་ཁང་ཀླད་དུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཞིག་ཡོད་པ་རེད།

ཁང་པའི་བདག་པོའི་མིང་ལ་དགེ་ཆོས་ཟེར་གྱི་ཡོད།གང་ལགས་ཤེ་ན།ཁོང་གི་ཁྱིམ་རྨ་ཆུའི་ཆུ་འགོ་དང་བར་ཐག་སྐར་མ་20ལྷག་ཙམ་ལས་མེད་པར་བརྟེན“རྨ་ཆུའི་ཆུ་འགོའི་ཁྱིམ་ཚང་དང་པོ”ཞེས་བརྗོད་ཀྱི་ཡོད།

ཆུང་དུས་ནས་ཆུ་འགོའི་འགྲམ་དུ་འཚར་ལོངས་བྱུང་བ་དང་དགེ་ཆོས་ཀྱིས་རྨ་ཆུར་གཞན་དང་མི་འདྲ་བའི་བརྩེ་དུང་ཡོད།“དེ་སྔ་དེ་གའི་སྣོད་བཅུད་ཉམས་ཞན་དུ་འགྲོ་ཚབས་ཧ་ཅང་ཆེན་པོ་ཡོད།རྨ་ཆུའི་ཆུ་འགོར་གནས་ཀྱང་མི་མང་པོ་ཞིག་ལ‘ཆུ་འགོ་སྲུང་ནས་ཆུ་འཐུང་རྒྱུ་མེད་པའི’དཀའ་ངལ་འཕྲད་ཡོད།ང་ཚོའི་ཁྱིམ་ཡང་དེ་ལས་མ་འདས།སྒོ་འགྲམ་གྱི་རྩྭ་ར་ཉིན་རེ་བཞིན་ཉམས་ཞན་དུ་འགྲོ་བ་དང་ཆུ་ཁུངས་ཀྱང་རིམ་བཞིན་སྐམ་གྱི་ཡོད།དཀའ་ངལ་ཆེ་ཤོས་ཀྱི་དུས་སུ་ཁ་ཆུ་འཐུང་ཆེད་ནང་མི་ཚང་མ་སྤྱི་ལེ་གཉིས་ཀྱི་སར་ཆུ་འགོ་འཚོལ་བར་འགྲོ་དགོས་ཀྱི་ཡོད”འབྱུང་རྩའི་སྣོད་བཅུད་སྐོར་གླེང་སྐབས་སྐད་ཆ་ཤོད་མི་ཤེས་པའི་སྤྱོད་བཟང་གིས་སྐད་ཆའི་སྒམ་ཆུང་ཕྱེ་ཡོད།

ཉམས་མྱོང་དེ་འདྲ་ཡོད་པས་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དེ་རུས་པའི་ནང་འགྱུར་བ་མེད་པའི་ཐོག་མའི་བསམ་འདུན་ཞིག་ཏུ་གྱུར་ཡོད།

2016ལོར“དུད་ཚང་རེར་ལས་གནས་གཅིག”གི་སྣོད་བཅུད་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ལག་བསྟར་བྱས་པ་དང་བསྟུན་ནས་དགེ་ཆོས་སྣོད་བཅུད་དོ་དམ་སྲུང་སྐྱོང་བ་ཞིག་ཏུ་གྱུར་ཡོད།དེ་གོང་སྣོད་བཅུད་སྲུང་སྐྱོང་ནང་ཞུགས་རྒྱུའི་འོས་འགན་ཡོད་མོད།འོན་ཀྱང་སྣོད་བཅུད་དོ་དམ་སྲུང་སྐྱོང་པར་གྱུར་རྗེས་ཁོང་གིས་རྨ་ཆུའི་ཆུ་འགོ་སྲུང་སྐྱོང་ཡག་པོ་བྱེད་པའི་འགན་འཁྲི་དང་འོས་འགན་དེ་བས་ཆེ་བ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

འོ་ཇ་དཀར་ཡོལ་གང་དང་རྩམ་པ་ཁམ་འགའ་སྟབས་བདེའི་ངང་ཞོགས་ཟས་བཟས་རྗེས་དགེ་ཆོས་ཀྱིས་སྐོར་སྲུང་ཉིན་ཐོ་དང་།རྒྱང་ཤེལ།ལམ་རྒྱགས་སོགས་ངེས་པར་དུ་གྲ་སྒྲིག་བྱེད་དགོས་པའི་དངོས་པོ་འཁྱེར་ནས་ཉིན་གཅིག་གི་སྐོར་སྲུང་ལས་དོན་སྤེལ་འགོ་ཚུགས་ཤིང་།

སྐབས་དེར།    སྒོ་ཕྱིར་ཁ་བ་ལྡིང་མགོ་བརྩམས།     “དེ་གར་སྡོད་མཁན་ཚང་མས་སྣོད་བཅུད་ཁོར་ཡུག་གི་གལ་ཆེའི་རང་བཞིན་ཤེས་ཀྱི་ཡོད།    ལྟ་སྐུལ་བྱེད་མཁན་མེད་ཀྱང་ང་ཚོས་རང་རྟོགས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡོད”ཅེས་ཀེ་ཆིའུ་མིག་རྒྱང་བརྟན་པོ་བྱས་ནས་སྦག་སྦག་ཞོན་ནས་ཁྱིམ་ནས་ཁ་བྲལ་གྱི་ཡོད།     

མགོ་ཁུངས་སུ་སྐོར་སྲུང་བྱེད་པ་ནི་ལས་སླ་པོ་ཞིག་མིན།    མཐོ་གྲང་དང་དབྱང་རླུང་མི་འདང་བའི་ཁོར་ཡུག་ཁྲོད་རྒྱུན་ལྡན་གྱི་མྱུར་ཚད་ལྟར་སྐོར་སྲུང་བྱེད་དགོས།    ལུས་པོའི་བྱང་ཚད་ནི་ཚད་གཞི་མཁྲེགས་པོ་ཡིན།    དེ་ནི་ཆུང་དུས་ནས་འདི་ནས་འཚར་ལོངས་བྱུང་བའི་ཀེ་ཆིའུ་ལ་མཚོན་ན་ཁ་དན་མི་དགོས་པ་ཞིག་ཡིན།     

ཀེ་ཆིའུ་ཡིས་ཉིན་ལྟར་རྨ་ཆུའི་འབྱུང་ཁུངས་སུ་སྤྱི་ལེ་བཅུ་ཕྲག་ཁ་ཤས་ལ་སྐོར་ཞིབ་བྱེད་པ་དང་འབྲེལ་དེབ་ཆུང་ཆུང་ཐོག་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་སྣང་ཚུལ་དང་།    སྔོ་ཁེབས་འཕར་ཆག་དང་སྐྱེ་ཚུལ་དང་འཁྱགས་ཀླུང་གི་གངས་ཐིག་ལ་འགྱུར་ལྡོག་ཡོད་མེད་སོགས་ཀྱི་གནས་ཚུལ་ཟིན་ཐོར་བཀོད་ནས་ལེགས་སྒྲིག་ཞིབ་ཕྲ་བྱས་རྗེས་འབྲེལ་ཡོད་ཚན་པར་སྙན་སེང་ཞུ་དགོས།     

“ཉེ་བའི་ལོ་ཤས་རིང་ཆར་ཆུ་མང་དུ་ཕྱིན་པ་དང་།    འབྱུང་ཁུངས་ཀྱི་ཆུ་མང་དུ་ཕྱིན་པ།    རྩྭ་མང་དུ་ཕྱིན་པ།    སྲོག་ཆགས་ཀྱང་མང་དུ་ཕྱིན་པས།    མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་རྒྱུན་གཏན་དུ་གྱུར་ཡོད”ཅེས་ཀེ་ཆིའུ་ཡིས་ཉིན་ཐོ་འབྲི་ཞོར་དུ་བཤད།     

ཆུ་འགོ་སྲུང་ཞིང་།    ས་ཁུལ་དབྱེ་ནས་ཕྱུགས་རིགས་བཀག་སྡོམ་དང་།    ས་གནས་སྤོ་སྤོ།    གད་སྙིགས་གཙང་སེལ།    ས་ནག་གྲམ་ཐང་བཅོས་སྐྱོང་བཅས་བྱས་ཏེ་རྨ་ཆུའི་འབྱུང་ཁུངས་ཀྱི་སྣོད་བཅུད་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད།     ལོ་བཅུ་ཕྲག་ཁ་ཤས་ཀྱི་དུས་ཚོད་ནང་ཀེ་ཆིའུ་ནི་བརྒྱུད་མྱོང་བ་ནས་དེའི་ནང་ཞུགས་མཁན་དུ་གྱུར་ནས་རྨ་ཆུའི་འབྱུང་ཁུངས་ཀྱི་སྣོད་བཅུད་ཁོར་ཡུག་གི་འགྱུར་ལྡོག་དཔང་པོ་བྱུང་ཡོད།    

སྐོར་སྲུང་བྱེད་མཇུག་འགྲིལ་རྗེས་ཁྱིམ་དུ་ལོག་རྗེས་དགེ་ཆོས་ཀྱིས་པར་ལེན་བྱས་པའི་སྲོག་ཆགས་དང་རྩི་ཤིང་བཟའ་ཟླ་དང་བུ་མོར་ལོངས་སུ་སྤྱོད་རྒྱུ་བརྗེད་མེད།དགེ་ཆོས་ཀྱིས་རྟག་ཏུ་བུ་མོར་བཤད་རྒྱུར།“ང་ཚོའི་མི་རབས་ནས་མི་རབས་བར་འདི་གར་འཚོ་བ་སྐྱེལ་གྱི་ཡོད།ཚང་མ་འདི་གར་འཚོ་གནས་བྱེད་ཀྱི་ཡོད།ཚང་མ་རྐང་འོག་གི་ཆུ་ཁོངས་དེར་བརྟེན་དགོས་ཀྱི་ཡོད།སྨད་རྒྱུད་ཀྱི་རྨ་ཆུའི་ངོགས་གཉིས་ཀྱི་མི་རྣམས་ཀྱིས་ཀྱང་ཆུ་འདིར་བརྟེན་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད་པས་ང་ཚོས་ངེས་པར་དུ་རྨ་ཆུའི་ཆུ་འགོ་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་བཤད།

དགེ་ཆོས་ཀྱི་ངོས་ནས་བརྗོད་ན།རྨ་ཆུའི་ཆུ་འགོ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་གཟི་བརྗིད་ལྡན་པའི་བྱ་བ་ཞིག་ཡིན་ལ་སྤོབས་པ་སྐྱེ་འོས་པའི་བྱ་བ་ཞིག་ཀྱང་ཡིན།དེར་བརྟེན་སློབ་ཆུང་དུ་སྐྱོད་པའི་བུ་མོས་མིག་འདྲིས་འོག་སྣོད་བཅུད་སྲུང་སྐྱོང་གི་ས་བོན་ཡང་བཏབ་ཡོད།

དགེ་ཆོས་ཀྱིས“ང་ཚོས་བརྟན་སྲུང་བྱས་པ་ལས་རྨ་ཆུའི་ཆུ་འགོའི་ཆུ་དྭངས་མོ་ཡོང་རྒྱུའི་རེ་བ་ཡོད”ཅེས་བཤད།

ས་ཆ་དེའི་འདམ་ར་ཁོ་ནའི་ཆེད་དུ་སྐད་གྲགས་མེད་པར་བློས་བཏང་བ།

ཟླ་5ཚེས་17ཉིན་གྱི་ཞོགས་པ་ཆུ་དམར་ལེབ་རྫོང་འབའ་དགོན་ཤང་དམར་ཕྱུག་གྲོང་ཚོའི་ཧྲེ་དང་པོའི་སྣོད་བཅུད་བདག་སྐྱོང་བ་བཀྲ་རྒྱལ་གྱིས་སྔར་རྒྱུན་ལྟར་བདེ་ཆུ་ཡོན་རྒྱལ་ཁབ་འདམ་རར་སྐོར་སྲུང་བྱེད་པར་ཡོང་།ཞིབ་ཚགས་པའི་བཀྲ་ཅང་གིས་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་ལངས་ནས་རྒྱང་ཤེལ་བརྒྱུད་ཁྲུང་ཁྲུང་སྐེ་ནག་ཞིག་འདམ་རའི་དཀྱིལ་གྱི་སྤང་ལྗོངས་ཐོག་སྒོ་ང་གཏོང་བཞིན་ཡོད་པ་དང་ཁྲུང་ཁྲུང་སྐེ་ནག་གཞན་ཞིག་གིས་ཁ་རོག་གེར་འགྲམ་དུ་སྲུང་སྐྱོང་བྱེད་བཞིན་ཡོད་པ་མཐོང་བྱུང་།

བཀྲ་རྒྱལ་གྱིས“ང་ཚོས་ལྟ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད་ལོ་ལྟར་གྱི་ཟླ་4པ་ནས་ཟླ་5པའི་བར་ནི་ཁྲུང་ཁྲུང་སྐེ་ནག་གིས་གོ་སྐབས་འཚོལ་བ་དང་།སྒོ་ང་གཏོང་བ།བྱ་ཕྲུག་སྒོ་ང་གཏོང་བ་བཅས་ཀྱི་དུས་ཚོད་རེད།ཁྲུང་ཁྲུང་སྐེ་ནག་གིས་རྟག་ཏུ་ཚང་རེར་སྒོ་ང་གཉིས་རེ་སྐྱེ་གི་ཡོད་པ་དང་སྒོ་ང་གཏོང་བའི་དུས་ཚོད་ནི་ཟླ་བ་གཅིག་ཡས་མས་ཡིན”ཞེས་བཤད།

ཁྲུང་ཁྲུང་སྐེ་ནག་གིས་སྒོ་ང་གཏོང་བའི་བརྙན་པར་དཔྱད་གཞི་པར་ལེན་བྱས་རྗེས་བཀྲ་ཅང་གིས་སྐབས་ཤིག་རིང་བརྙན་ལམ་དེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་དོན་ཚོགས་པར་སྤྲད་པས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་འཕྲལ་མར་ཚུར་སྣང་བྱས་པ་རེད།སྔོན་ལ་ཁྲུང་ཁྲུང་སྐེ་ནག་གི་ཚང་གི་མཐའ་འཁོར་དུ་སྲུང་སྐྱོབ་བྱེད་ཐབས་སྤྱད་དེ་དམར་ཕྱིའི་བརྙན་ལེན་འཕྲུལ་ཆས་སྒྲིག་སྦྱོར་བྱས་རྗེས་ཁྲུང་ཁྲུང་སྐེ་ནག་གི་བདེ་འཇགས་འགུལ་སྐྱོད་ཁུལ་བཀར་ནས་སྤྱང་ཀི་དང་ཝ་མོ་སོགས་སྲོག་ཆགས་ཀྱི་གནོད་འཚེ་མི་ཐེབས་པ་བྱེད་དགོས།དེ་དང་ཆབས་ཅིག་སྣོད་བཅུད་དོ་དམ་སྲུང་སྐྱོང་མི་སྣའི་སྐོར་གཡེང་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲུང་ཁྲུང་སྐེ་ནག་འཚོ་གནས་དང་སྐྱེ་འཕེལ་ཡོང་ཆེད་གཡས་གཡོན་གཞོགས་འདེགས་བྱས་ཡོད།

བཀྲ་རྒྱལ་གྱིས་ཁྲུང་ཁྲུང་སྐེ་ནག་གི་གོམས་གཤིས་དེ་འདྲ་གསལ་པོ་ཤེས་དོན་ནི་ཁོང་ནི་ཉམས་མྱོང་ཕུན་སུམ་ཚོགས་པའི་སྣོད་བཅུད་བདག་སྐྱོང་བ་ཞིག་ཡིན་པ་མ་ཟད།ད་དུང་མ་ཤུལ་གྲོང་ཚོས་དུས་ཡུན་རིང་པོར་གཞི་རིམ་ལ་ཕྱོགས་ནས་སྤེལ་བའི་རྨ་ཆུའི་ཆུ་འགོའི་འདམ་ར་སྲུང་སྐྱོང་དང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལས་བྱུང་བ་ཞིག་ཡིན་པས་རྨ་ཆུའི་ཆུ་འགོའི་འདམ་ར་སྲུང་སྐྱོང་བྱ་རྒྱུ་དེ་མི་སེམས་སུ་གཏིང་ཟབ་ཟུག་ཡོད།

ཚང་མས་སེམས་ཤུགས་གཅིག་སྒྲིལ་གྱིས་རྨ་ཆུའི་ཆུ་འགོར་སྲུང་སྐྱོང་བྱེད་པ་དེ་ཀརྨ་དབང་ཕྱུག་ཡི་འབད་བརྩོན་དང་ཁ་འབྲལ་ཐབས་མེད།ཀརྨ་དབང་ཕྱུག་ནི་བྲག་ཀན་ཤང་དམར་ཤུལ་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ཡིན་པ་དང་དུས་མཚུངས་འདམ་ར་སྲུང་སྐྱོང་གི“རྒྱང་སྒྲོག་པ”དང“སྒོ་སྲུང་བ”ཡི་ཚབ་བྱེད་ཀྱི་ཡོད་པ་དང་ཚང་མའི་སྣེ་ཁྲིད་དེ་རྨ་ཆུའི་ཆུ་འགོའི་འདམ་རའི་ནང་གི་སྐྱེ་དངོས་ཡོད་ཚད་ཀྱི་སྐྱེ་སྟོབས་སྲུང་སྐྱོང་བྱེད་ཀྱི་ཡོད།

ཀརྨ་དབང་ཕྱུག་གི་ཁུག་མའི་ནང《གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལག་དེབ》ཅེས་པའི་ཁུག་མའི་དེབ་ཅིག་བླུགས་ཡོད་པ་དང་དེའི་ནང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་པར་དང་མིང་སྟོང་ཕྲག་བཀོད་ཡོད་པ་རེད།བདག་སྐྱོང་བས་གསར་དུ་རྙེད་པའི་སྲོག་ཆགས་དང་རྩི་ཤིང་གི་པར་སྣོད་བཅུད་དོ་དམ་སྲུང་སྐྱོང་ཚོགས་པར་བསྐུར་རིམ་བཞིན་ཀརྨ་དབང་ཕྱུག་ཡིས་པར་རིས་ལ་ཞིབ་བསྡུར་ནན་ཏན་བྱས་ཏེ་སྲོག་ཆགས་དང་རྩི་ཤིང་གི་མིང་སྣོད་བཅུད་བདག་སྐྱོང་བར་རེ་རེ་བཞིན་ལན་སློག་གི་ཡོད།

ཉིན་རེ་བཞིན་ཉི་མ་རེ་རེ་བཞིན་སྲོག་ཆགས་དང་རྩི་ཤིང་གི“རིགས་གཅིག་མཁས་ཅན”དུ་གྱུར་ཡོད།

བཀྲ་རྒྱལ་གྱིས“ཧྲུའུ་ཅི་ཀརྨ་ལགས་ཀྱིས་ང་ཚོའི‘ཤེས་བྱ་ཀུན་བཏུས་དཔེ་དེབ’དང་འདྲ་བར་ཁོང་དང་མཉམ་དུ་སྐོར་སྲུང་བྱེད་རིམ་བཞིན་རི་ལྡེབས་སུ་སྡོང་ཕྲན་ཐོག་དཔངས་དམའ་བའི་སྡོང་ཕྲན་མང་པོ་སྐྱེས་ཡོད་པ་མཐོང་སྐབས་མིང་ཚང་མས་འབོད་ཐུབ་པ་མ་ཟད།ཐ་ན་རྩི་ཤིང་ཁག་གཅིག་གི་སློབ་མིང་དང་སྐྱེ་འཚར་གྱི་ཁྱད་ཆོས་ཀྱང་ཤེས་ཀྱི་ཡོད”ཅེས་བཤད།

དེས་མ་ཚད་གྲོང་ཚོ་ཡོངས་ཀྱི་མི་དེ་བས་མང་བ་རྨ་ཆུའི་ཆུ་འགོའི་འདམ་ར་སྲུང་སྐྱོང་ནང་ཞུགས་ཆེད་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་མ་དངུལ་གྲབས་གསོག་བྱས་ནས་སྣོད་བཅུད་ཚན་རིག་ཁྱབ་གདལ་ཁང་བསྐྲུན་ཡོད།

སྨི་ངོས་གྲུ་40ཡོད་པའི་ཁང་པ་གཉིས་ནང་ལྗང་མདོག་གི་རྨང་གཞི་བཏིང་ནས་སྲོག་ཆགས་དང་རྩི་ཤིང་གི་མ་དཔེ་སྣ་ཚོགས་བསྒྲིགས་ཡོད་པ་དང་དུས་མཚུངས་ད་དུང་བོད་རྒྱ་སྐད་ཡིག་གཉིས་ཀྱི་འགྲེལ་བཤད་བརྒྱབ་ཡོད་པ་རེད།གཟའ་མཇུག་ཏུ་སླེབས་རིམ་བཞིན་ཚན་རིག་ཁྱབ་གདལ་ཁང་ཆུང་ཆུང་ཚང་མར་སློབ་མ་དང་ཁྱིམ་བདག་གིས་ཁེངས་ཡོད།

འབྲོག་པ་སྐལ་བཟང་རྒྱལ་གྱིས“ང་ཚོ་ས་གཞི་འདིར་འཚོ་བ་སྐྱེལ་བཞིན་ཡོད་པས་ས་ཆ་དེ་ཤེས་རྟོགས་བྱེད་དགོས་པ་དང་རྟག་ཏུ་ཕྲུ་གུ་ཚན་རིག་ཁྱབ་གདལ་ཁང་དུ་སློབ་སྦྱོང་བྱེད་པར་འཁྲིད་དེ་སྲོག་ཆགས་དང་རྩི་ཤིང་དེ་དག་ཤེས་རྟོགས་བྱས་ཚེ་གཞི་ནས་རང་ཉིད་ཀྱི་ཁྱིམ་གཞིས་སྲུང་སྐྱོང་དེ་བས་ལེགས་པ་བྱེད་ཐུབ”ཅེས་བཤད།

ཀརྨ་དབང་ཕྱུག་གིས“དམར་ཕྱུག་གྲོང་ཚོ་འདམ་རའི་ནང་ཡོད་པས་ང་ཚོས་སྣོད་བཅུད་སྲུང་སྐྱོང་ལས་དོན་དེ་བས་ཡག་པོ་སྒྲུབ་དགོས།ཉེ་བའི་ལོ་ཤས་རིང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་ཨུ་ལྷན་དང་མཉམ་འབྲེལ་བྱས་ནས་འདམ་ར་སྲུང་སྐྱོང་ལས་དོན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་ལེགས་སུ་བཏང་ཡོད།ད་ཆ་འདམ་རའི་རྩྭ་ཐང་སྲུང་སྐྱོང་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱ་རྒྱུ་དེ་གྲོང་ཚོའི་འབྲོག་པ་ཚང་མའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད”ཅེས་བཤད།

རྒྱུན་འཁྱོངས་ལྷོད་མེད་བྱས་ན་སྔོ་ལྗང་གིས་ཁེངས།

དེ་སྔ་ས་ནག་གྲམ་ཐང་ནི་གོག་ཧྲུལ་གྱི“རྨ་ཁ”ལྟ་བུ་ཡིན་པས་རྩྭ་ཐང་གི་སྣོད་བཅུད་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པ་མ་ཟད།ད་དུང་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་ནས་རྨ་ཆུའི་ཆུ་འགོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ནང་གི་སྡུག་བསྔལ་ཞིག་ཏུ་གྱུར་ཡོད།

ཟླ་5པའི་ཟླ་དཀྱིལ་དུ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་ཤང་སྦུབ་ཕུ་གྲོང་ཚོར་ཡོང་སྐབས་དེ་སྔའི་ཐང་རྒོད་དུ་གྱུར་པའི་ས་ནག་ཐང་དུ་སྔོ་ལྗང་གི་མྱུ་གུ་སྐྱེས་ནས་ས་རྒྱུ་བཟང་པོ་ཞིག་བཏོད་དེ་སྐྱེ་སྟོབས་དང་རེ་བ་ཚད་མེད་སྐྱེས་ཡོད།

“ས་མཐོའི་གནམ་གཤིས་ཞན་ལ་འགྱུར་ལྡོག་མང་བས་སྣོད་བཅུད་མ་ལག་ལ་གཏོར་སྐྱོན་ཕོག་ཚེ་སླར་གསོ་བྱེད་ཁག་པོ་ཡོད།ཆིག་སྒྲིལ་ཤང་དུ་སྦུབ་ཕུ་གྲོང་ཚོ་དང་།སྐྱ་མཆོག་གྲོང་ཚོ།གད་དམར་གྲོང་ཚོ་བཅས་གྲོང་ཚོ་གསུམ་ཡོད།དེ་སྔ་ཕྱུགས་འཚོ་དྲགས་པ་དང་།གནམ་གཤིས་འགྱུར་ལྡོག་ཕྱིན་པ།ས་ཆུ་ཤོར་བ་སོགས་ཀྱི་རྐྱེན་པས་རྩྭ་ཐང་མང་པོ་ཞན་འགྱུར་བྱས་ནས་ས་ནག་གྲམ་ཐང་དུ་གྱུར་ཡོད།དུས་ཚོད་རིང་པོ་སོང་ཚེ་ས་ནག་གྲམ་ཐང་དུ་འགྱུར་སླ་བ་དང་།ཚབས་ཆེ་ཤོས་ཀྱི་སྐབས་སུ་ཤང་དེ་ཡོངས་ཀྱི་ས་ནག་གྲམ་ཐང་དང་བྱེ་འགྱུར་རྒྱ་ཁྱོན་གྱིས་ཤང་ཡོངས་ཀྱི་རྒྱ་ཁྱོན་32%བཟུང་ཡོད”ཅེས་ཆིག་སྒྲིལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཚེ་དབང་གིས་ངོ་སྤྲོད་བྱས།

“སྔོན་ཆད་འདི་གར་རྩྭ་འདེབས་ཀྱི་ཡོད་ཅེས་བཤད་མི་དགོས།རླུང་ཆེན་པོ་ལྡང་སྐབས་ཕྱི་ངོས་ཀྱི་ས་གང་བྱུང་དུ་འཕུར་ལྡིང་བྱེད་ཀྱི་ཡོད་པས་མི་རྣམས་ཀྱི་ངོ་གདོང་ལ་ཐལ་རྡུལ་གྱིས་ཁེངས་འདུག”དེ་སྔ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་འགན་འཁུར་མྱོང་བའི་བསྟན་འཛིན་ཚེ་རིང་གིས་འདས་ཟིན་པའི་རྣམ་པ་ཕྱིར་དྲན་བྱེད་སྐབས་ཚོར་སྣང་ཟབ་མོ་བྱུང་།

རྨ་ཆུའི་ཆུ་འགོ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་ནས་བྱེ་བཅོས་ཀྱི“དཀའ་གནད”མདུན་དུ་ཆིག་སྒྲིལ་ཤང་སྲིད་གཞུང་གིས་སྐབས་རེ་རེ་བཞིན་ལས་ཀ་བྱས་ཏེ་འཆར་གཞི་རེ་རེ་བཞིན་མཐའ་འཁྱོལ་བ་བཀོད་ཡོད།“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་པེ་ཏི་ལུང་ཤུར་ས་ཁུལ་གྱི་སྤྱི་ལེ་ངོས་གྲུ་30ཡི་ཉམས་གསོ་བཅོས་སྒྲིག་རྣམ་གྲངས་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་འབྲེལ་བཅོས་སྒྲིག་བྱ་ཡུལ་གྱིས་རྩྭ་འདེབས་དང་ར་སྐོར་སོགས་ཀྱི་རྣམ་གྲངས་སྲ་བརྟན་ལག་བསྟར་བྱས་པ་བརྒྱུད་སྔོག་འདོན་ཁུལ་དེ་གཏན་འཇགས་རང་བཞིན་གྱི་བཀག་སྡོམ་གསོ་ཚགས་ཁུལ་དུ་འགྱུར་བ་བྱས་པ་དང་འབྲེལ་མཚོན་རྟགས་བྱང་བུ་བཀོད་སྒྲིག་བྱས་ནས་ཉེན་ཟོན་སློབ་གསོའི་རྟེན་གཞི་བསྐྲུན་ཡོད།

ཟླ་5ཚེས་18ཉིན་རྟ་མགྲིན་ཚེ་རིང་དང་མཉམ་དུ་སྦུབ་ཕུ་གྲོང་ཚོའི་མུའུ་ཁྲིའི་གཟན་རྩྭའི་རྟེན་གཞིར་ཡོང་བ་དང་དེ་སྔའི་ས་ནག་གྲམ་ཐང་བཅོས་སྒྲིག་བྱས་རྗེས་རྩྭ་ཐང་དུ་གྱུར་ཡོད།

རྟ་མགྲིན་ཚེ་རིང་གིས“རྨ་ཆུའི་ཆུ་འགོའི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱ་ཆེད།རྫོང་ཨུད་དང་རྫོང་སྲིད་གཞུང་གི་སྣེ་ཁྲིད་འོག་ང་ཚོ་ས་ནག་ཐང་དུ་རྩྭ་འདེབས་པ་དང་སྔོ་ལྗང་དུ་འགྱུར་བའི་སྣོད་བཅུད་བཅོས་སྐྱོང་ལམ་བུར་བསྐྱོད་དེ་དེ་སྔའི་རྩྭ་ཆུ་འཛོམས་པའི་རྣམ་པ་རིམ་བཞིན་རྙེད་བྱུང”ཞེས་བཤད།

ད་ཆ་མུའུ་ཁྲི་ཡི་གཟན་རྩྭ་རྟེན་གཞི་དེ་ལྟ་བུ་ཆིག་སྒྲིལ་ཤང་གི་གྲོང་ཚོ་ཚང་མར་ཡོད།2022ལོ་ནས་བཟུང་།ཆིག་སྒྲིལ་ཤང་གིས“སྣོད་བཅུད་ཐོན་ལས་ཅན་དང་ཐོན་ལས་སྣོད་བཅུད་ཅན”གྱི་འཕེལ་རྒྱས་འདུ་ཤེས་གཞིར་བཟུང་།གྲོང་གསེབ་ནང་གི་ས་ནག་གྲམ་ཐང་ཁག་གཅིག་སྤྱད་དེ་བུལ་རྩྭ་དང་ཡུག་པོ་ཚོད་ལྟའི་འདེབས་འཛུགས་རྣམ་གྲངས་ལག་བསྟར་བྱས་ཏེ་མི་ཐབས་ལ་བརྟེན་ནས་རང་བྱུང་རྩྭ་ར་འདེབས་འཛུགས་བྱས་པ་བརྒྱུད་རྨ་ཆུའི་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་མངོན་འགྱུར་བྱུང་བ་མ་ཟད།ད་དུང་རྒྱུན་མཐུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཀྱང་རྙེད་ཡོད།

“ང་ཚོས་བདམས་པའི་སྤོ་བལ་རྩྭ་དང་ཡུག་པོ་ལ་ཐན་འགོག་དང་།གྲང་འགོགབུལ་འགོག་བཅས་ཀྱི་ཁྱད་ཆོས་ལྡན་པས་ས་བབ་མཐོ་བའི་ས་ཁུལ་དུ་འདེབས་འཛུགས་བྱ་རྒྱུར་ཧ་ཅང་འཚམ་པོ་ཡོད།དེ་དང་ཆབས་ཅིག‘བསྐྱར་འདེབས་དང་རེས་འདེབས’ཀྱི་བྱེད་ཐབས་བརྒྱུད་གཟན་རྩྭ་འདེབས་འཛུགས་བྱེད་རིང་སོག་ཤུལ་བསྐྱར་དུ་ཐོན་ཚད་ཆག་པ་དང་།ས་རྒྱུའི་ལུད་ཚད་ཆག་པ།གཟན་རྩྭའི་སྤུས་ཚད་ཞན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་ས་ནག་བཅོས་སྐྱོང་གི་བརྟན་ལྷིང་རང་བཞིན་འགན་ལེན་བྱས་ཡོད”ཅེས་བཤད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།