རོང་པོ་བརླན་སའི་སྤྱི་གླིང་ནམ་ཡང་མཛེས་སྡུག་གིས་ཁེངས་ཡོད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

“སྲོག་སྐྱོབ་སྨན་བཅོས་བྱས་རྗེས། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་སུ་གཏོགས་པའི་གོ་བོ་ཞིག་བདེ་བླག་ངང་རང་བྱུང་ཁམས་སུ་བཏང”ཞེས་ཟླ4པའི་ཚེས27ཉིན་གྱི་དུས་ཚོད11ཙམ་ལ། ཡུས་ཧྲུའུ་ཁུལ་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ས་ཚིགས་ཀྱི་མགོ་གཙོ་པ་སངས་ཚེ་རིང་གིས་ལག་འཁྱེར་ཁ་པར་གནམ་ལ་གཏད་དེ་བར་སྣང་ཁམས་སུ་ལྡིང་སྐོར་རྒྱག་བཞིན་པའི་གོ་བོ་ཞིག་པར་བླངས་རྗེས། སྐད་འཕྲིན་གྲོགས་ཚོམས་སུ་པར་ཡིག་གཉིས་ལྡན་གྱི་འདྲ་པར་ཞིག་སྤེལ།

རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་གྱི་མངའ་ཁོངས་སུ་གནས་ཤིང་། ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་ལ་སྨི4200ཡོད་པ་དང་། ཞིང་ཆེན་ཡོངས་ནས་བཙུགས་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་པོ་རེད། ཡུས་ཧྲུའུ་གྲོང་ཁྱེར་ནས་རླངས་འཁོར་ལ་བསྡད་དེ་སྐར་མ50ཙམ་སོང་རྗེས་ཡུས་ཧྲུའུ་ཁུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ས་ཚིགས་སུ་འབྱོར་ཐུབ།

པ་སངས་ཚེ་རིང་དང་བརླན་སའི་སྐྱེ་ཁམས་བདག་སྐྱོང་པ་གཉིས་ཀྱིས་རྒྱང་མཐོང་གི་ཟུར་ཚད་ལེགས་སྒྲིག་བྱས་ནས“འདབ་ཆགས་དབུས་ཀྱི་དོམ་ཁྲ”རུ་གྲགས་པའི་ཁྲུང་ཁྲུང་སྐེ་ནག་འཚོལ་བཞིན་ཡོད། ཁོ་ཚོས་མགྱོགས་མྱུར་ངང“དམིགས་འབེན”རྙེད་སོང་།

“སྔོན་ཆད་རོང་པོར་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་མང་པོ་ཞིག་ཡོད་པ་ཤེས་མོད་གང་དག་ཡོད་པ་གསལ་པོར་ཤེས་ཀྱིན་མེད། ད་སྐབས་ཁྲུང་ཁྲུང་སྐེ་ནག་དང་ངང་པ་མགོ་ཁྲ། ངུར་བ་སོགས་འདབ་ཆགས་ཚོགས་ཀྱིས་དེ་ནི་རང་ཉིད་ཀྱི‘ཁྱིམ’དུ་རྩི་བཞིན་ཡོད།”ལོ6གི་སྔོན་དུ། ལོ་ལྔ་བཅུའི་ཁར་བུད་པའི་ཚེ་ཚེ་ནི་བརླན་སའི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར། ཉིན་རྒྱུན་སྐོར་ཞིབ་དང་འདབ་ཆགས་ལ་བརྟག་དཔྱད་བྱ་རྒྱུ་ནི་ཁོའི་ལས་ཀ་གཙོ་བོ་རེད། དེའི་རིང་ཁོས་ལས་གྲོགས་ཚོ་དང་མཉམ་དུ་རི་སྐྱེས་སྲོག་ཆགས་མི་ཉུང་བ་ཞིག་བསྐྱབས་མྱོང་།

ད་སྐབས་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཚེ་ཚེ་ཚུད་པའི་བརླན་སའི་སྐྱེ་ཁམས་བདག་སྐྱོང་པ10ཡོད་པ་དང་། ཁོ་ཚོ་ཚང་མ་རོང་པོ་མཚེའུ་ཡི་ཆུ་བྱའི་འཚོ་སྡོད་ཁུལ་གཙོ་བོ་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟ་ཞིབ་ཚད་ལེན་བྱེད་སའི་ཁོངས་གཏོགས་རྩྭ་ས22ཀྱི་མཐའ་འཁོར་གྱི་འབྲོག་པ་རེད།

པ་སངས་ཚེ་རིང་གིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་དུ་རོང་པོས་ཀུན་གྱི་སྔོན་ལ་བརླན་སའི་བདག་སྐྱོང་པའི་ལམ་ལུགས་ལག་བསྟར་བྱས་པ་དང་།བདག་སྐྱོང་པས་ལས་ཀའི་དཔང་ཡིག་བཟུང་ནས་ལས་གནས་སུ་ཞུགས་པ་དང་ཟླ་རེར་གླ་ཕོགས་སྒོར1800ཡོད། སྲུང་སྐྱོབ་ཁུལ་དུ་ད་དུང་བརླན་སའི་སྐྱེ་ཁམས་སྐོར་སྲུང་པའི་དོ་དམ་ལམ་ལུགས་དང་སྐོར་སྲུང་སྙན་ཞུའི་ལམ་ལུགས་སོགས་ཆེད་དུ་བཟོས་ཡོད།

“གནས་འདིའི་དམིགས་བསལ་གྱི་ས་ཁམས་གནས་ཡུལ་དང་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་ནི་ཁྲུང་ཁྲུང་སྐེ་ནག་འཚོ་སྡོད་དང་སྐྱེ་འཕེལ་བྱེད་ས་ཡག་པོ་ཞིག་ཡིན་ཞེས་བརྗོད་ཆོག རང་རྒྱལ་གྱི་འདབ་ཆགས་ཆེད་མཁས་པས་རོང་པོ་ཐང་ནི‘ཁྲུང་ཁྲུང་སྐེ་ནག་གི་ཕ་ས་རེད’ཅེས་བརྗོད་མྱོང ”ཞེས་བཤད་ཞོར་པ་སངས་ཚེ་རིང་གི་གདོང་ལ་སྤོབས་པའི་ཉམས་ཤིག་མངོན་བྱུང་།

མིག་རྡེབ་དབང་ཙམ་ལ། ཡང་བསྐྱར་ལོ་གཅིག་གི་ཁྲུང་ཁྲུང་སྐེ་ནག་སྐྱེ་འཕེལ་བྱེད་པའི་དུས་ལ་སླེབས་པས། པ་སངས་ཚེ་རིང་དང་སྐྱེ་ཁམས་བདག་སྐྱོང་པ་ཚོས་ཉིན་མཚན་ཀུན་ཏུ་དེ་ཚོར་དོ་ཁུར་བྱས་པ་དང་། ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོབ་ཁུལ་གྱི་ས་ཁོངས་གང་དུ་རྒྱུན་སྡོད་བྱེད་པ་གསལ་པོར་རྟོགས་ཡོད།

“མཛེས་སྡུག་ལྡན་པའི་དུས་བྱ་སྲུང་མཁན་དུ་གྱུར་པ་ནི་ངའི་བསོད་ནམས་རེད།”རོང་པོ་བརླན་ས་དང་ཁྲུང་ཁྲུང་སྐེ་ནག་ལ་འབྲེལ་བའི་ལས་དབང་གླེང་སྐབས་ཁམས་པའི་ཕོ་རྒོད་པ་སངས་ཚེ་རིང་གི་མིག་མདངས་ལས་ལྷད་མེད་ཀྱི་བརྩེ་བ་ཞིག་མངོན་ཡོང་།

1997ལོར་མཚོ་སྔོན་ཉེན་རྟོག་སློབ་གྲྭ་ནས་མཐར་ཕྱིན་རྗེས་པ་སངས་ཚེ་རིང་གིས་ནགས་ལས་དང་སྐྱེ་ཁམས་བདག་སྐྱོང་པའི་བྱ་བ་བསྒྲུབས། 2012ལོའི་ཟླ9པར་ཁོ་དང་རོང་པོ་བརླན་ས“ལས་ཀྱིས་འཕྲད”ཅིང་དེའི་ཆེད་དུ་འབད་འཐབ་བྱེད་པའི་ལས་དོན་གྱི་མགོ་བརྩམས། ཁོས་ཡུལ་དེ་རུ་སྐོར་ཞིབ་ཐེངས་མང་བྱས་པས་སྲུང་སྐྱོབ་ཁུལ་གྱི་གྲུ་ཟུར་ཀུན་ལ་རྒྱུས་མངའ་ཡོད་པར་མ་ཟད། དེ་གར་བྱུང་བའི་འགྱུར་ལྡོག་ཕྲ་མོ་ཙམ་ལའང་བདེན་དཔང་བྱས་ཡོད།

“སྐབས་དེར་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་སྒྲིག་ཆས་ཧ་ཅང་ཞན་ལ། དམག་སྤྱོད་རྒྱང་མཐོང་རྙིང་པ་གཅིག་ལས་མེད། ད་སྐབས་འགྱུར་ལྡོག་ཆེན་པོ་བྱུང་ནས་སྲུང་སྐྱོབ་ཁུལ་ཡོངས་ལ་བརྙན་ལམ་ལྟ་སྐུལ་ཚོད་འཛིན་བྱས་ཟིན་པར་མ་ཟད།ད་དུང་རང་བྱུང་སློབ་གསོའི་ཚན་རིག་ཁྱབ་གདལ་ཁང་དང་བྱ་གཟིགས་ཁང་།འདབ་ཆགས་སྲོག་སྐྱོབ་ཁང་།ཆེད་མཁས་པ་འཁོར་སྐྱོད་ཁང་སོགས་ཀྱང་བསྐྲུན་ཡོད”ཅེས་བཤད།

རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་འཚོ་བའི་དགའ་ཚལ་འདི་ཇི་ལྟར་སྲུང་སྐྱོབ་ཡག་པོ་བྱེད་དགོས་པ་དང་། རོང་པོ་འདི་ཉིད་མཚོ་བོད་མཐོ་སྒང་གི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལག་ལེན་བསྟར་བའི་དཔེ་མཚོན་དུ་ཇི་ལྟར་འགྱུར་བར་བྱེད་དགོས་པའི་ཐད་ལ། པ་སངས་ཚེ་རིང་གིས་ལོ་ངོ12ཡི་རིང་ལ་རྒྱུན་ཆད་མེད་པར་བསམ་བློ་བཏང་བ་རེད།

བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། ཉེ་བའི་ལོ་ཤས་རིང་རོང་པོའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་བརྟན་བརླིང་ངང་འཕར་བཞིན་ཡོད་པ་དེའི་ནང་འདབ་ཆགས་ཀྱི་ཐོན་ཁུངས་ལོ་རེ་བཞིན་ཇེ་མང་དུ་ཕྱིན་ནས་ཁག19དང་ཚན39དང་རིགས144ཡོད་པ་དང་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་གོ་ལ་ཧྲིལ་པོའི་ཁྱུ་ཚོགས་ཀྱི1.3%ལས་བརྒལ་ཡོད་ལ། ངང་པ་མགོ་ཁྲའི་ཁྱུ་ཚོགས་གོ་ལ་ཧྲིལ་པོའི་ཁྱུ་ཚོགས་ཀྱི9.4%ལས་བརྒལ་ཡོད་པས། ཚང་མར་གོ་ལ་ཧྲིལ་པོའི་རང་བཞིན་གྱི་སྲུང་སྐྱོབ་རིན་ཐང་གལ་ཆེན་ལྡན་པར་གྱུར།

2023ལོའི་ཟླ2པའི་ཚེས2ཉིན། མཚོ་སྔོན་ཡུས་ཧྲུའུ་རོང་པོ་ཐང་བརླན་ས་ནི་རྒྱལ་སྤྱིའི་བརླན་སའི་མིང་ཐོའི་ནང་བདེ་བླག་ངང་ཚུད་བྱུང་། གནས་ཚུལ་ཁྱབ་བསྒྲགས་བྱས་རྗེས་པ་སངས་ཚེ་རིང་གིས་དབུགས་དབྱུང་ཞིག་བཏང་ཞིང་། དེ་དག་ཐམས་ཅད་ནི་ལས་སླ་མོ་ཞིག་མིན་པ་དང་།དེ་ནི་ཡུན་རིང་དུ་ཏན་ཏིག་དང་ནུས་ལྡན་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱས་པའི་ཕན་འབྲས་ལས་བྱུང་བ་ཞིག་ཡིན་པ་ཁོས་གསལ་པོར་ཤེས་བྱུང་། རོང་པོ་ཐང་ནི་མཚོ་སྔོན་པོ་དང་། མཚོ་སྐྱ་རིང་དང་མཚོ་སྔོ་རིང་བཅས་ཀྱི་རྗེས་ནས་ཞིང་ཆེན་ཡོངས་ཀྱི་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཨང་བཞི་པར་གྱུར་ཡོད།

ས་སྲོད་ལ་ཉེ་བའི་སྐབས་སུ། བྱ་གཟིགས་ཁང་དུ་འགྲེངས་པ་ན། མིག་མདུན་དུ་མངོན་པ་ཡོད་ཚད་ནི་མཛེས་ལྗོངས་ཡིན། “རོང་པོ་ནམ་ཡང་མཛེས་སྡུག་ལྡན་པར་སྨོན”ཞེས་པའི་པ་སངས་ཚེ་རིང་གི་ཚོར་བ་ཟབ་པའི་སྐད་ཆ་འདིས་མི་ཚང་མའི་སེམས་ཀྱི་འདུན་མ་བརྗོད་བྱུང་།

པ་སངས་ཚེ་རིང་སྒེའུ་ཁུང་འགྲམ་དུ་ཁེན་ནས་སྐད་དམའ་མོས་བརྩེ་སེམས་རབ་ཏུ་འཁོལ་བའི་གཞས་སྙན་མོ་ཞིག་བཏང་བྱུང་ལ། གླུ་སྐད་དེ་བྱ་གཟིགས་ཁང་དུ་མཆེད། ང་ཚོ་ཁོའི་རྒྱབ་ཏུ་བསྡད་དེ་ཁུ་སིམ་མེར་ཁོས་ཁྲུང་ཁྲུང་སྐེ་ནག་ལ་བྲིས་པའི་གླུ་དེར་ཉན་པ་ཡིན།

“ཕ་ཡུལ་གྱི་ཁྲུང་ཁྲུང་སྐེ་ནག་ལ་བཀྲ་ཤིས་སྨོན་འདུན་ཞུ། སྙིང་ཉེ་བའི་ཕ་ཡུལ་ཡུས་ཧྲུའུ་ལ་བཀྲ་ཤིས་སྨོན་འདུན་ཞུ། གནམ་ས་ཡངས་པའི་ཡུལ་གྲུ་འདི་རྟག་ཏུ་འགྱུར་བ་མེད་པར་ཤོག”

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།