སྐྱེ་ཁམས་དཔལ་ཡོན་སློབ་གསོའི་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་མགོ་ཚུགས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 ཟླ5པའི་ཚེས23ཉིན་གསར་འགོད་པས་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་སློབ་གསོ་ཅུའུ་ནས་ཤེས་གསལ་ལྟར་ན། ཟླ4པ་ནས་བཟུང“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”སྐྱེ་ཁམས་དཔལ་ཡོན་སློབ་གསོའི་བསམ་བློ་ཆབ་སྲིད་སློབ་ཚན་དེ་ཁུལ་ཁོངས་གཏོགས་སློབ་གྲྭ་སོ་སོ་རུ་སློབ་ཁྲིད་བྱེད་མགོ་ཚུགས་པ་རེད།

མཁར་ཤར་ཁུལ་སློབ་ཁྲིད་ཞིབ་འཇུག་ཁང་གི་གཅིག་གྱུར་རྩ་འཛུགས་བྱས་འོག མཁར་ཤར་ཁུལ་གྱི་ཁུལ་ཁོངས་གཏོགས་སློབ་གྲྭས་སྐྱེ་ཁམས་དཔལ་ཡོན་སློབ་ཚན་དང་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་དུ་འདྲེས་པར་མཉམ་སྡེབ་ཀྱིས་སློབ་ཚན་ལ་ལྟ་བ་དང་། སློབ་ཚན་གྲ་སྒྲིག སློབ་ཁྲིད་བཅས་བྱེད་པའི་བྱེད་སྒོ་ནང་ཧུར་ཐག་སྒོས་ཞུགས། ཀུའོ་ཅི་ཚུང་སློབ་ཆུང་དང་ཁྲང་ཆིན་སློབ་ཆུང་། བྱང་ལམ་ཆུང་བའི་སློབ་ཆུང་། ཏུང་ཀོན་སྲང་ལམ་སློབ་ཆུང་། ཞའོ་ཆོན་སློབ་ཆུང་། ཡུན་ཅ་ཁོའུ་སློབ་ཆུང་། ཁང་ནན་སློབ་ཆུང་བཅས་ཀྱིས་བྱེད་སྒོ་བཀོད་སྒྲིག་དང་མཉམ་སྡེབ་ལྟ་སྐོར། མཉམ་སྡེབ་ཞིབ་བསྡུར། ཚོགས་ཆུང་ཁག་བགོས་ནས་སློབ་ཚན་གྲ་སྒྲིག་བྱེད་པ། སློབ་ཁྲིད་འགྲེམ་སྟོན། ཐེངས་གཉིས་པའི་ཞིབ་འཇུག་སློབ་ཚན་བཅས་ཀྱི་སྟེང་བྱེད་སྒོ་སྤེལ་བ་བརྒྱུད། 《སའི་གོ་ལ། ང་ཚོའི་ཁྱིམ་གཞི》《ང་ཕ་ཡུལ་གྱི་རི་ཆུ་ལ་དགའ》《དཀར་པོའི་སྦགས་བཙོག 》《ངའི་ཁོར་ཡུག་སྲུང་སྐྱོང་ལག་རོགས་ཆུང་བ》《ཐཱན་ཉུང་འཚོ་བ་སྤྱད་དེ་སྐྱེ་ཁམས་སྲུང་སྐྱོང་བྱེད》སོགས་ཀྱི་ཕུལ་བྱུང་སློབ་ཚན་ཐོན་པ་དང་། དཔེ་དངོས་ཀྱི་གཏམ་རྒྱུད་ཀྱིས་སློབ་མར་སེམས་འགུག་ཐེབས་པ་དང་། སློབ་མར་ཤུགས་རྐྱེན་ཐེབས་པ། སློབ་གསོ་ཐེབས་པ་བཅས་བྱས་པས་སློབ་གསོའི་ཕན་འབྲས་བཟང་པོ་ཐོན། སློབ་གྲྭ་གཞན་དག་གིས་ཀྱང་དེའི་རྨང་གཞིའི་སྟེང་ད་དུང་ཐུན་མོང་གིས་སློབ་ཚན་ལ་ལྟ་བ་དང་སློབ་ཚན་གྲོས་ཞིབ་སོགས་སློབ་ཁྲིད་ཞིབ་འཇུག་བྱེད་སྒོ་སྤེལ་ནས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་བརྟན་པོར་བཙུགས།

ཐེངས་འདིའི་བྱེད་སྒོས་མཁར་ཤར་ཁུལ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་དུ་འགྱུར་བའི་ལས་དོན་ལ་སྐུལ་འདེད་བཏང་བ་དང་། མཁར་ཤར་ཁུལ་སློབ་གསོ་ཅུའུ་ཡིས་ཏང་དང་རྒྱལ་ཁབ་ཀྱིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་བྱེད་པའི་བླང་བྱ་ཁག་མུ་མཐུད་དུ་དོན་འཁྱོལ་བྱས་ནས། བསམ་བློ་ཆབ་སྲིད་སློབ་ཚན་བརྒྱུད་གནས་ལུགས་ཆེན་པོ་གསོན་ཉམས་ལྡན་པ་དང་བརྩེ་དུང་མཚོན་པར་བྱས་ཏེ་སློབ་མ་རྣམས་ཀྱི་བློ་ཡིད་དུ་བཞག་ནས། ཕུགས་བསམ་དང་འཇོན་ཐང་། འགན་འཁྲི་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་མི་རབས་ནས་མི་རབས་བར་གསོ་སྐྱོང་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་མངོན་འགྱུར་ཡོང་བར་གསོན་ཤུགས་རྒྱུན་ཆད་མེད་པར་བསྣན་ནས་བསམ་བློ་ཆབ་སྲིད་སློབ་གསོ་བྱེད་པའི་རྣམ་པ་ཆེན་པོ་ཞིག་བསྐྲུན་རྒྱུ་རེད། །  

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།