འཛམ་གླིང་སྣེ་གསུམ་པ་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་པ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5བའི་ཚེས22ཉིན་ནི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོ་ཡིན། ལོ་མང་པོ་རིང་སྲིད་གཞུང་དང་དམངས་ཁྲོད་སྟོབས་ཤུགས་མཉམ་དུ་བཏོན་ནས་འཛམ་གླིང་གི་སྣེ་གསུམ་པ་མདོ་དབུས་མཐོ་སྒང་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྟེ་བྱ་དངོས་ཡོད་ཚད་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་འཛམ་གླིང་བསྐྲུན།

ཨ་ཆེན་གངས་རྒྱབ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལྟེ་གནས་ཁུལ་དུ་ཆགས་པ་དང་། གནས་བབ་ནི་གཙོད་ཁྱུ་གནས་སྤོར་བྱེད་པའི་དུས་ཚིགས་ཡིན་པས། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་གི་གཙོད་ཁྱུའི་གྲངས་འབོར་ཡང་སྲུང་སྐྱོང་དུས་ཐོག་མའི་ཁྲི2ནས་ད་ལྟའི་ཁྲི7ལ་སླེབས།

འཛམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཀྱི་གྲས་ཡིན་པའི་ཆ་ནས། སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་བགོས་པ་ནས་རྒྱལ་ཁབ་སྤྱི་གླིང་མ་ལག་བསྐྲུན་པ། དེ་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གཙོ་གནད་རྣམ་གྲངས་ལག་བསྟར་བྱས་པའི་བར་དུ་ཀྲུང་གོ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་གྲུབ་འབྲས་གཡུར་ཟ་བླངས་ཡོད།

མདོ་དབུས་མཐོ་སྒང་དུ་ཆགས་པའི་མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུའི་འབྱུང་ཡུལ་ཡིན་པས“ཀྲུང་ཧྭའི་ཆུ་ལྕོག”ཅེས་པའི་མཚན་སྙན་ལྡན། འབྲེལ་ཡོད་གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་མཚོ་སྔོན་དུ་སྐམ་སའི་རི་སྐྱེས་སྲོག་ཆགས་རིགས665དང་། རྒྱལ་ཁབ་ཀྱི་རིམ་པའི་དང་པོའི་རི་སྐྱེས་སྲོག་ཆགས་རིགས40། གཙོ་བོ་གསའ་དང་ཁྲུང་ཁྲུང་སྐེ་ནག་སོགས་ཀྱི་རྒྱལ་ཁབ་ཀྱི་རིམ་པའི་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡོད་པ་མ་ཟད། རི་སྐྱེས་སྐྱེ་དངོས་རིགས1དང་འབུ་ཕྲ་ངོ་མ་རིགས260ཡོད།

2022ལོའི་ཟླ8པའི་ཚེས6ཉིན། ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་རྣམ་སྲས་གྲོག་རོང་ཆེན་མོ་ནས་པར་བླངས་པའི་གསའ།

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ཏུའུ་ཕིང་ཀུའེ་ཡིས། ནགས་ཚལ་དང་རྩྭ་ཐང་། བརླན་ས། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས། གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་སྐོར་གྱི་ཁྲིམས་ལུགས་ཁྲིམས་སྲོལ་བཏོན་པ་ནས། ཆེད་དོན་འགུལ་སྐྱོད་སྤེལ་ཏེ་ཁྲིམས་འགལ་ཉོ་ཚོང་རྒྱག་པར་རྡུང་རྡེག་དང་། གསའ་དང་གཙོད་སོགས་ཀྱི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རིགས་ཀྱི་སྲུང་སྐྱོང་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གཙོ་གཞིར་འཛིན་པའི་རང་བྱུང་སྲུང་སྐྱོང་གནས་མ་ལག་བསྐྲུན་པ། ཞིང་ཆེན་ཡོངས་ཀྱི་སྐྱེ་དངོས་རྒྱུད་འཛིན་ཐོན་ཁུངས་གཅིག་བསྡུས་ཉར་ཚགས་ཆུ་ཚད་མཐོ་རུ་གཏོང་བ་ནས་ཐོག་མར་ཉེན་བཅོལ་ལམ་ལུགས་རི་སྐྱེས་སྲོག་ཆགས་གནོད་སྐྱེལ་སྐྱིན་སྤྲོད་ནང་བཞག་པ་བཅས་ཉེ་བའི་ལོ་ཤས་རིང་། བྱེད་ཐབས་རབ་དང་རིམ་པ་སྤེལ་ནས་མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱིས་རང་གི་མཛེས་སྡུག་མངོན།

དབྱར་གྱི་དུས་ཚིགས་འདིར་རླངས་འཁོར་བསྐོར་ནས་མཚོ་སྔོན་པོ་བྱང་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་རྒྱུ་དུས། མིག་ལམ་དུ་མངོན་པ་ནི་དགོ་བའི་ཁྱུ་ཚོགས་རྩྭ་ཐང་ནས་མཆོང་རྒྱུག་བྱེད་པ་དང་། སྐབས་རེར་ཟས་འཚོལ་བཞིན་པ། སྐབས་རེར་རྒྱང་རིང་ལ་ལྟ་བའི་རྣམ་པ་ཡིན། དེ་དག་མཆོང་བའི་རྣམ་པས་མཐོ་སྒང་ལ་གསོན་ཤུགས་ལྡན་པར་གྱུར།

རྒྱུན་མཐུད་ངང་སྲུང་སྐྱོང་བྱས་པ་བརྒྱུད། མཚོ་སྔོན་དུ་ཁྱད་ལྡན་དགོ་བའི་གྲངས་འབོར་སྲུང་སྐྱོང་དུས་ཐོག་མའི300ནས་ད་ལྟའི3400ལ་སླེབས། དགོ་བའི་སྲུང་སྐྱོང་འབྲས་བུ་ནི་མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གནས་ཚུལ་མཚོན་ཡོད། མིག་སྔར་མཚོ་སྔོན་གྱི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ཡང2600ཟིན་ནས་ལོ10སྔོན་དང་བསྡུར་ན1400ཇེ་མང་དུ་སོང་ཡོད། མཚོ་སྔོན་པོའི་གསེར་ཉ་གསོག་ཚད་ཏུན12སླར་གསོ་བྱུང་བ་དང་། ཉེ་བའི་ལོ་བཅུ་རིང་ལ་མཚོ་སྔོན་གྱིས་བསྡོམས་པས་རི་སྐྱེས་སྲོག་ཆགས་རིགས50གྲངས་འབོར1000ལྷག་སྐྱབས་པ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བསྡུ་ཉར་རོགས་སྐྱོབ་མ་ལག་འཛུགས་སྐྲུན་མུ་མཐུད་དུ་འཐུས་ཚང་དུ་གྱུར།

2021ལོའི་ཟླ10བའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུ་གླིང་ཁུལ་ནས་པར་བླངས་པའི་ཁྲུང་ཁྲུང་སྐེ་ནག

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་ཁྲུའུ་ཡི་ཁྲུང་ཀྲང་ཀྲང་མིན་གྱིས“ནགས་རྩྭ་སོགས་ཀྱི་སྡེ་ཚན་གྱིས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྤོར་གནས་སྲུང་སྐྱོང་དང་ཕྱི་རོལ་ཚར་ཉེན་ལྡན་པའི་དངོས་རིགས་རོགས་སྐྱོབ་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ནས། རང་ས་དང་སྤོར་གནས་སྲུང་སྐྱོང་ཕན་ཚུན་ཁ་གསབ་བྱས་པས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རིགས་ལ་ནུས་ལྡན་གྱི་སྲུང་སྐྱོང་དང་སླར་གསོ་བྱུང་ཡོད”ཟེར།

གསའ་ནི་རི་མཐོའི་སྐྱེ་ཁམས་མ་ལག་གི་དངོས་རིགས་གཙོ་བོ་ཡིན་པའི་ཆ་ནས། དེ་ནི་གནམ་གཤིས་དང་ཆུའི་ཐོན་ཁུངས་བདེ་འཇགས་ཀྱི་མཛུབ་སྟོན་དངོས་རིགས་ཡིན། གསའ་ཁྱུ་ཡུན་རིང་གནས་པ་དང་རྒྱུད་སྤེལ་བརྟན་བརླིང་ཡིན་པའི་རྐྱེན་གྱིས་སྲུང་སྐྱོང་ཕན་ནུས་མཐོ་སྒང་རི་ཁུལ་སྐྱེ་ཁམས་མ་ལག་བརྟན་བརླིང་རང་བཞིན་དང་ཆ་ཚང་རང་བཞིན་འབྲེལ་ཡོད།

རི་དྭགས་ལྐོག་རྔོན་དང་ཁོར་ཡུག་ཞན་འགྱུར་སོགས་ཀྱི་རྒྱུ་རྐྱེན་གྱིས་འཛམ་གླིང་རང་བྱུང་སྲུང་སྐྱོང་མཉམ་འབྲེལ་ཚོགས་པས་གསའ་ནི་སྟོངས་ལ་ཉེ་བའི་སྲོག་ཆགས་རྩ་ཆེན་མིང་བྱང་ནང་བཞག་པ་དང་། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་སོགས་ཀྱིས་ཧུར་ཐག་གིས་གསའ་སོགས་ཀྱི་སྟོངས་ལ་ཉེ་བའི་སྲོག་ཆགས་རིགས་དང་སྐྱེ་ཁམས་མ་ལག་ལ་ཕྱོགས་ཡོངས་དང་ཆ་ཚང་བའི་སྲུང་སྐྱོང་བྱས་པས། སྔོན་ཆད་མཐོང་དཀའ་བའི་གསའ་ཡང་ད་ལྟ་དམར་ཐིག་པར་ཆས་ནང་དུ་མངོན་ནས་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ནུས་ལྡན་སྲུང་སྐྱོང་དཔེ་མཚོན་དུ་གྱུར་ཡོད།

མདོ་ལ་རི་བོ་ནི་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན32སྲུང་སྐྱོང་སྐམ་སའི་སྔོན་འགྲོ་ཁུལ་ནང་གི་གཅིག་ཡིན་ཞིང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་གནས་བཙུགས་པའི་ཚུན། གསའ་ཡི་ལྟ་ཞིབ་ཚད་འཇལ་སྲུང་སྐྱོང་སྣེ་ཁྲིད་བྱས་ནས་སྲིད་གཞུང་དང་ཞིབ་འཇུག་སྒྲིག་གཞི་ཡིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་རྟོག་ཞིབ་རབ་དང་རིམ་པ་སྤེལ།

“མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་གསར་བ་དང་། གསའ་གཙོ་བོར་འཛིན་པའི་སྐྱེ་དངོས་སྣ་མང་རང་བཞིན་ལྟ་ཞིབ་རྟོག་ཞིབ་མ་ལག་བསྐྲུན་པས། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་གསའ་ཡི་གྲངས་འབོར1200ཟིན་པ་རེད”ཅེས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲའོ་ཧུའེ་ཕིང་གིས་དེ་ལྟར་བཤད། འཛམ་གླིང་རང་བྱུང་སྲུང་སྐྱོང་མཉམ་འབྲེལ་ཚོགས་པའི་དཔྱད་དཔག་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་གསའ་འཚོ་སྡོད་འོས་པའི་གནས་སྟོང་སྨི་གྲུ་བཞི་མ47ཟིན་ནས་མདོ་དབུས་མཐོ་སྒང་གསའ་འཚོ་སྡོད་འོས་པའི་རྒྱ་ཁྱོན་གྱི25%ཟིན་ཡོད་ཟེར།

ཁྲིམས་སྐྱོང་སྟོབས་ཤུགས་ཀྱིས་ཀྱང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས“བདེ་འཇགས་དྲ་བ”ཇེ་བརྟན་དུ་བཏང་ཞིང་། 2023ལོ་རྐྱང་རྐྱང་མཚོ་སྔོན་གྱིས་ཁྲིམས་སྐྱོད་མི་སྣ་བསྡོམས་པས5848བཀོད་སྒྲིག་བྱས་ནས། གནས5623ལ་ཞིབ་བཤེར་བྱས་ཏེ་རི་སྐྱེས་སྲོག་ཆགས་གྱོད་དོན70ཞིབ་བཤེར་བྱས་པ་དང་། ཁྲིམས་འགལ་ནག་ཉེས་བཟོ་མཁན་མི66ལ་རྡུང་རྡེག་དང་ཐག་གཅོད་བྱས། 

དེ་དང་ཆབས་ཅིག མཚོ་སྔོན་གྱིས་ཤུགས་ཆེན་པོས་རྨང་གཞིའི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ལ་རྟོག་ཞིབ་ནན་མོ་བྱས། 2024ལོར་མཚོ་སྔོན་གྱིས་རིགས་སོ་སོའི་ནོར་སྲིད་ལས་གཞིའི་མ་དངུལ་སྒོར་ཁྲི2853བརྩོན་ལེན་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྫོང་དང་ཆུས21ནས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཐོན་ཁུངས་རྟོག་ཞིབ་དང་འཚོ་སྡོད་གནས་ཀྱི་དཔྱད་དཔག་དང་། གྲོང་ཁྱེར་དང་ཁུལ8དུ་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རིགས་ཀྱི་སྲུང་སྐྱོང་ཁ་གསབ་ལས་གཞི་ལག་བསྟར་བྱེད་བཞིན་པའི་སྒང་ཡིན། ནགས་རྩྭ་སྡེ་ཚན་རྩ་འཛུགས་ཚན་ཞིབ་སོགས་ཀྱི་མི་སྣས་ཏུའུ་ལན་དང་ཝུའུ་ལན་སོགས་ཀྱི་རྫོང་ཁོངས་དང་མཚོ་སྔོན་པོའི་འགྲམ་རྒྱུད་དུ་རི་སྐྱེས་སྲོག་ཆགས་རྩ་ཆེན་གླ་བ་སོགས་རྔོན་པའི་ཐོན་ཁུངས་རྟོག་ཞིབ་དང་འཚོ་སྡོད་གནས་ཀྱི་ལྟ་ཞིབ་ཚད་འཇལ་ལས་དོན་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།