ཡུལ་ཤུལ་གྱིས་སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཁྲེང་ཏུའུ་ཡི་ངོ་སྤྲོད་ཚོགས་འདུ་བདེ་བླག་ངང་འཚོགས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 ཟླ5བའི་ཚེས21ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཁྲེང་ཏུའུ་ཡི་ངོ་སྤྲོད་ཚོགས་འདུ་དེ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས། 

སྐད་གྲགས་ཆེ་བའི་ས་མཐོའི་བོད་གླུ་དང་། སྤྲོ་སེམས་རབ་ཏུ་འཕེལ་བའི་རེ་པ་ཞབས་བྲོ། ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་རྒྱན་གོས། ཞིང་ཕྱུགས་ཐོན་རྫས་སོགས་ཀྱི་རྣམ་པ་སྣ་ཚོགས་དང་། ཡུལ་ཤུལ་གྱིས་རི་རྒྱུད་ཀྱི་ཆུ་ཁུངས་ཕུན་སུམ་ཚོགས་པོ་དང་གཙང་པོའི་མགོ་ཁུངས་བུ་ཕྲུག་གི་སྤྲོ་སེམས་འཁོལ་བས་ལྷ་ཡུལ་གྱི་རྒྱལ་ཁབ་བམ་བདེ་སྐྱིད་ཀྱི་ཁྲེང་ཏུའུ་རུ་ཕེབས་ཏེ་ལམ་མཚམས་སྦྱོར་བྱས་ནས“སི་ཁྲོན་མཚོ་བོད་དབུས་ལམ”མཉམ་འགུལ་བྱས་པ་བརྒྱུད་ས་ཁོངས་སྤུས་ཚད་མཐོ་བའི་མཉམ་ལས་འཕེལ་རྒྱས་ལ་མཉམ་དུ་དོན་གཉེར་བྱས་ནས་དེ་བས་སྒོ་འབྱེད་དང་དེ་བས་གསོན་ཤུགས་ལྡན་པའི་ཡུས་ཧྲུའུ་གསར་པ་འོས་སྦྱོར་འགྲེམས་སྟོན་བྱས།

ད་ཐེངས་ཀྱི་ངོ་སྤྲོད་ཚོགས་འདུའི་ཐོག་ཡུས་ཧྲུའུ་ས་གནས་དེ་གའི་ཁེ་ལས35ཡིས་ཞིང་ཕྱུགས་ཐོན་རྫས་རིགས100ལྷག་ཁྱེར་ནས་འགྲེམས་འཚོང་བྱས་པ་དང་ཡུལ་དངོས་སུ་ཡུས་ཧྲུའུ་རི་སྐྱེས་སྲོག་ཆགས་ཀྱི་པར་ལེན་བརྩམས་ཆོས་དང་འབྲི་ཆུ་རྒྱུད་ཀྱི་གནའ་བོའི་བྲག་རིས་ལོ་རྒྱུས་འགྲེམས་སྟོན་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པས་ཁྲེང་ཏུའུ་གྲོང་མི་རྣམས་ལ་ཁ་ཟས་དང་མིག་གི་ལོངས་སྤྱོད་སྦྱིན་ཡོད། དེའི་རིང་ཁྲེང་ཏུའུ་གྲོང་ཁྱེར་གྱི་རོ་མའི་གུང་གསེང་ཐང་ཆེན་དང་། སྐོར་བྲོ་སྤྲོ་སྐྱིད་ཁང་། ཞེང་དོག་སྲང་ལམ་སོགས་སུ་སྐོར་བྲོ་མཛའ་གྲོགས་དང་བོད་རིགས་ཀྱི་རྒྱན་གོས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཕྱོགས་ཡོངས་ནས་ཡུས་ཧྲུའུ་ཡི་རི་ཆུ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡིད་དབང་འཕྲོག་ཤུགས་འགྲེམས་སྟོན་བྱས། 

ཡུལ་དངོས་སུ་ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དབར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་ཅིང་། ཡུས་ཧྲུའུ་ཁུལ་རིག་གནས་དང་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་དང་གློག་བརྙན་ཅུའུ་དང་། སི་ཁྲོན་སྐྱེ་ཁམས་ཡུལ་སྐོར་མཐུན་ཚོགས། སི་ཁྲོན་ཞིང་ཆེན་སྒར་ས་དང་རླངས་འཁོར་སྒུལ་སྐྱོད་མཐུན་ཚོགས། ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུའུ། དཀར་མཛེས་ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུའུ་བཅས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། ཡུས་ཧྲུའུ་དང་ཁྲེང་ཏུའུ་ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་དང་ཞིང་ཕྱུགས་འབྲེལ་ཡོད་ཁེ་ལས་ཀྱིས་ཐོན་ལས་འཕེལ་རྒྱས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།