མང་རྫོང་གིས་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཉེ་བའི་ལོ་འགའིི་རིང་།མང་རྫོང་གིས་རྩྭ་ཐང་ཕྱུགས་ལས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་རྩྭ་ཡིས་ཕྱུགས་རིགས་གཏན་འཁེལ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་རིམ་སྤོར་སོགས་སྲིད་ཇུས་དང་མང་ཚོགས་ཀྱི་དགོས་མཁོའི་སྐུལ་འདེད་འོག་ཕྱུགས་ལས་རིམ་སྤོར་གྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་པ་དང་།2011ལོར་བཙུགས་པའི་མང་རྫོང་སུམ་མདོ་གྲོང་རྡལ་རྒྱ་ཤིང་སྡེ་བའི་ཀྱྰ་ཚང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནི་དེའི་ཁྲོད་ཀྱི་དཔེ་མཚོན་ཞིག་རེད།

གསར་འགོད་པ་ཀྱྰ་ཚང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་བསྐྱོད་པ་ན་སྨི་གྲུ་བཞི་མ1000ལྷག་ཡོད་པའི་སྤྱིལ་བུ་ཆེ་གྲས6ནང་གི་ནོར་གནག་ཚང་མའི་སྤུ་མདོག་ཡག་ལ་ཤ་ཤེད་རྒྱས་ཤིང་།ད་དུང་་ལུག་ནག་གིས་གཟན་རྩྭ་ཟ་བཞིན་ཡོད་པ་དང་།ལས་བཟོ་བ་ཚོས་ལུག་ཁྱུ་ལ་གཟན་རྩྭ་སྟེར་བཞིན་པའི་བྲེལ་འཚུབ་ཀྱི་རྣམ་པ་མཐོང་བྱུང་།ཕན་འབྲས་ཆེ་རུ་ཕྱིན་པ་དང་བསྟུན་ནས་མཉམ་ལས་ཁང་གིས་གསོ་སྤེལ་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ས་གནས་དེ་གའི་སྡེ་མིར་ཁེ་སྤོགས་བགོ་ཐུབ་པ་མ་ཟད། ད་དུང་ལས་གནས་མཁོ་འདོན་བྱས་ཏེ་སྡེ་མིའི་ལས་ཞུགས་དང་ཡོང་འབབ་འཕར་རྒྱུར་རོགས་རམ་བྱེད་ཀྱིན་ཡོད།

སུམ་མདོ་གྲོང་རྡལ་རྒྱ་ཤིང་སྡེ་བའི་ཀྱྰ་ཚང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་རིན་ཆིན་ཐར་གྱིས་བཤད་རྒྱུར།ཉེ་བའི་ལོ་འགའི་རིང་ང་ཚོའི་མཉམ་ལས་ཁང་གིས་གཙོ་བོ་ཚན་རིག་དང་མཐུན་པའི་གསོ་སྤེལ་བྱེད་སྟངས་དར་སྤེལ་བཏང་བ་དང་རྫོང་ཞིང་ཕྱུགས་ཅུའུ་ཡིས་ཀྱང་དུས་ངེས་མེད་དུ་ཕྱུགས་ལས་ལག་རྩལ་མི་སྣ་ཡུལ་དངོས་སུ་མཛུབ་ཁྲིད་དང་གསོ་སྦྱོང་དུ་བཀོད་སྒྲིག་བྱས་ཏེ་གསོ་སྤེལ་བརྒྱུད་རིམ་ཁྲོད་འཕྲད་པའི་ལག་རྩལ་གནད་དོན་ཐག་གཅོད་བྱེད་རོགས་བྱེད་ཀྱིན་ཡོད།རིམ་པ་རྗེས་མར་ང་ཚོའི་མཉམ་ལས་ཁང་གིས་གཞི་ཁྱོན་ལུགས་མཐུན་ལྟར་ཕྱུགས་ཁྱུའི་གྲུབ་ཆ་དང་གྲངས་འབོར་གཏན་འཁེལ་བྱ་རྒྱུ་དང་འབྲེལ་ཚན་རིག་དང་མཐུན་པའི་གསོ་སྤེལ་དོ་དམ་བརྒྱུད་ནོར་ལུག་གི་སྤུས་ཚད་དང་ཐོན་ཚད་མཐོ་རུ་བཏང་ནས་རང་ཉིད་ཕྱུག་པོར་འགྱུར་བ་དང་མཉམ་དུ་མང་ཚོགས་ལ་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་རེ་བ་ཡོད་ཞེས་ཟེར།

ཉེ་བའི་ལོ་འགའི་རིང་།མང་རྫོང་གིས་རྟེན་གཞི་འཛུགས་པ་དང་།ཕྱུགས་རིགས་ལེགས་བཅོས། ཁུལ་དབྱེའི་རེས་སྐོར་ཕྱུགས་འཚོ་བ།དགུན་དུས་གཟན་ཆས་ཁ་གསབ་བྱེད་པ།ཚན་རིག་དང་མཐུན་པའི་གསོ་ཚགས་བྱེད་སྟངས་བཅས་བརྒྱུད་ཕྱུགས་རིགས་ཐོན་སྐྱེད་བྱེད་ནུས་ཆེ་རུ་ཕྱིན་ཡོད་ལ་ས་གནས་འདི་གའི་རོང་འབྲོག་པ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་ཀྱང་རྒྱུན་ཆད་མེད་པར་བྱས་ཡོད།དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བ་ལས་གཞན།མཉམ་ལས་ཁང་གི་ཐོན་སྐྱེད་བྱེད་སྟངས་ཀྱིས་སྐྱེ་ཁམས་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད།ཕྱུགས་རིགས་གཅིག་བསྡུས་ཀྱིས་ས་ཁུལ་བརྒལ་བའི་ཕྱུགས་འཚོ་བའི་རྣམ་པ་བསྒྱུར་སྟངས་ཀྱིས་རྩྭ་ཐང་གི་ཐེག་ནུས་ཆེ་རུ་ཕྱིན་པ་དང་། རྩྭ་རའི་ཁུར་བོ་ཇེ་ཡངས་སུ་བཏང་ནས་རྩྭ་ཕྱུགས་དོ་སྙོམས་ཡོང་བ་བྱས་ཏེ་འབྲོག་པ་དང་རྩྭ་ཐང་འཆམ་མཐུན་མཉམ་གནས་ཐུབ་པ་བྱུང་ཡོད།2023ལོར་མང་རྫོང་ལ“རྒྱལ་ཡོངས་ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ”“རྒྱལ་ཡོངས་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་རྫོང་”སོགས་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

མང་རྫོང་ཞིང་ཕྱུགས་དང་ཆུ་བེད་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བསོད་ནམས་བརྟན་གྲགས་གིས་བཤད་རྒྱུར།མང་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཁྱད་ཆོས་ལྡན་པའི་ལེགས་ཆར་གཞི་ཚུགས་ནས་གསོ་སྤེལ་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱུགས་རིགས་ལེགས་བཅོས་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྤེལ་བྱེད་པ། གསོ་སྤེལ་ཁོར་ཡུག་ལེགས་བཅོས། ནད་རིགས་སྔོན་འགོག་སོགས་ཀྱི་ཐད་ནས་འགོ་བཙུགས་ཏེ་ཕྱུགས་རིགས་ཀྱི་སྤྱི་འབོར་དང་།སྤུས་ཚད།ཕྱུགས་ལས་ཀྱི་ཐོན་རྫས་རིན་ཐང་བཅས་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད། རིམ་པ་རྗེས་མར་ང་ཚོས་ཕྱུགས་ལས་གཞི་ཁྱོན་ཅན་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སྤུས་ལེགས་ནུས་ཆེའི་དེང་རབས་ཕྱུགས་ལས་ཐོན་ལས་བསྐྲུན་ཏེ་ཕྱུགས་ལས་ཐོན་ལས་འབྲེལ་ཐག་རིང་དུ་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་ཡིན་ཞེས་ཟེར།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།