ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གཞོན་ནུ་ལོ་ཆུང་གིས་བྱས་ཉེས་ཚབས་ཆེན་བསགས་པར་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་ཞེས་བསྟན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཚེས16ཉིན་གསར་འགོད་པས་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ད་སྔར་ལོ་ན་མ་སོན་པའི་གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་གི་དུས་བབ་སྔར་བཞིན་ཛ་དྲག་ཆེ་པས། སློབ་གྲྭའི་གཏུམ་སྤྱོད་གནད་དོན་དེ་གཏན་ནས་སྣང་མེད་དུ་འཇོག་མི་རུང་། ཉེ་བའི་ལོ་གསུམ་རིང་ལོ་ན་མ་སོན་པའི་གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་གྲངས་འབོར་སྤྱིའི་ཆ་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། མི་དམངས་ཁྲིམས་ཁང་གིས2021ལོ་ནས2023ལོའི་བར་གྱི་ལོ་ན་མ་སོན་པའི་གཞོན་ནུ་ལོ་ཆུང་གིས་ཉེས་གསོག་གྱོད་གཞི73178འདྲི་གཅོད་བྱས་པ་དང་། ལོ་ན་མ་སོན་པའི་གཞོན་ནུ་ལོ་ཆུང་ཉེས་གསོག་མཁན98426ལ་ཉེས་ཆད་བཅད། དེས་དུས་མཚུངས་ཀྱི་ཉེས་གསོག་ཉེས་ཅན་ཡོངས་ཀྱི2%ནས2.5%བར་བཟུང་ཡོད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན།ལོ12ལ་སོན་ཡང་ལོ14ལ་མ་སོན་པའི་གཞོན་ནུ་ལོ་ཆུང་གིས་མི་གསོད་པ་དང་། གནོད་འཚེ་ཚབས་ཆེན་བཏང་བའི་ཉེས་གསོག་མཁན་གྱི་ཕྱོགས་ནས2021ལོའི་ཟླ3པར་ཉེས་ཁྲིམས་དག་བཅོས་འཆར་ཟིན(བཅུ་གཅིག)ལག་བསྟར་བྱས་ཚུན། མི་དམངས་ཁྲིམས་ཁང་གིས་དེ་རིགས་ཀྱི་གྱོད་གཞི་4དང་ཉེས་ཅན4ལ་འདྲི་གཅོད་བྱས་ནས་ཐག་བཅད་ཡོད་པ་དང་། ཉེས་ཅན་གྱི་ལོ་ཚད་ནི་ལོ12ནས13བར་ཡིན་པས་དུས་བཙོན་ལོ10ནས15བར་གྱི་ཁྲིམས་ཐག་བཅད་འདུག

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་མི་དམངས་ཁྲིམས་ཁང་གིས་ལོ་ན་མ་སོན་པའི་གཞོན་ནུ་ལོ་ཆུང་ལ“སློབ་གསོ་དང་། བློ་འགུག  རོགས་སྐྱོབ”བཅས་ཀྱི་བྱེད་ཕྱོགས་དང་“སློབ་གསོ་གཙོ་འཛིན་དང་ཆད་གཅོད་ཕལ་པར་འཛིན་པའི”རྩ་དོན་ལག་བསྟར་མཐའ་འཁྱོངས་བྱས་ཏེ། ལོ་ན་མ་སོན་པའི་གཞོན་ནུ་ལོ་ཆུང་གི་ལུས་སེམས་ཀྱི་ཁྱད་ཆོས་དང་འཚམ་པའི་འདྲི་གཅོད་བྱེད་སྟངས་གང་ལེགས་སྤྱད་ནས་འདྲི་གཅོད་ཀྱི་རིམ་པ་དེ་ཁྲིམས་འགལ་གྱི་ལོ་ན་མ་སོན་པའི་གཞོན་ནུ་ལོ་ཆུང་ལ་ཆད་གཅོད་བསླབ་འདོམས་བྱེད་སའི་ཁྲིམས་ཁང་དུ་བརྩི་དགོས་པ་མ་ཟད། སློབ་གསོར་རོགས་སྐྱོབ་བྱེད་པའི་སློབ་ཁང་དུ་བརྩི་དགོས་ཞེས་ནན་བཤད་བྱས་ཡོད། ཆད་གཅོད་ཐད“བཟོད་སྒོམ་དགོས་ཀྱང་རྒྱ་ཡན་མི་བྱེད་པ”རྒྱུན་འཁྱོངས་བྱས་ཏེ། རང་སྣང་ངན་གཤིས་ཆེ་ཞིང་གནོད་འཚེ་ཚབས་ཆེན་ཡོད་པ། ལྷག་པར་དུ་བསླབ་པ་ཡང་ཡང་བཏང་སྟེ་མི་བསྒྱུར་པའི་རིགས་ལ་ཆད་གཅོད་བྱ་དགོས་པའི་རིགས་ཁྲིམས་ལྟར་ཆད་གཅོད་དང་། ཉེན་བརྡ་གཏོང་བའི་སློབ་གསོའི་ནུས་པ་འདོན་སྤེལ་བྱས་ནས་གནོད་འཚེ་ཕོག་མཁན་ལ་འདྲ་མཉམ་དང་སྤྱི་ཚོགས་ལ་དྲང་བདེན་སྟོན་དགོས།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།