རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་འགོ་ཚུགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ11པའི་ཚེས21ཉིན་གློག་འཕྲིན་འབྱོར་གསལ།    《ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་གྱི་གཏན་འབེབས》གཞིར་བཟུང་།    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཟླ11པའི་ཚེས21ཉིན་ཁྱོན་ཡོངས་ནས་བྱེད་འགོ་ཚུགས།     སྐོར་ཁག་དང་པོར་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང5བཙུགས་ནས་ཧྥུ་ཅན་དང་།    ཧོ་ནན།    ཧའེ་ནན།    ཀན་སུའུ།    མཚོ་སྔོན་བཅས་ཞིང་ཆེན5རུ་དུས་ཡུན་ཟླ་གཅིག་ལྷག་བཅའ་སྡོད་བྱས་ནས་ལྟ་ཞིབ་བྱ་རྒྱུ་རེད།  

དེ་ནི་གསར་འགོད་པས་ཉིན་དེར་སྐྱེ་ཁམས་ཁོར་ཡུག་པུའུ་ནས་རྒྱུས་ལོན་བྱས་པ་ཞིག་རེད།  

ངོ་སྤྲོད་བྱས་པ་ལྟར་ན།    ལྟ་ཞིབ་ཚོ་ཆུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་།    ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས།    བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས།    གནད་དོན་གྱི་སྟོན་ཕྱོགས་དང་གཟབ་ནན་མཐའ་འཁྱོངས་བཅས་བྱས་ནས་གནད་ལ་འཁེལ་ཞིང་།    ཚན་རིག་དང་མཐུན་པ།  ཁྲིམས་ལུགས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཡོད།     ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱས་ཚུལ་དང་།    ཞིང་ཆེན་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་སྐྱེ་ཁམས་་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ལག་བསྟར་དང་འགན་འཁྲི་འཁུར་ཚུལ་དང་།     ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལག་བསྟར་ལ་སྐུལ་འདེད་བྱས་ཚུལ་གཙོ་རྟོག་ཞིབ་གཙོ་བོར་བཟུང་ནས་ལྟ་ཞིབ་བྱ་རྒྱུ་རེད། 

ལྟ་ཞིབ་བྱེད་པའི་རིང་། ལྟ་ཞིབ་ཚོ་ཆུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་གཙོ་གནད་ཐོག་དོ་ཁུར་བྱ་རྒྱུ་དང་།     ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱས་ཚུལ།     འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཅན་དུ་སྒྱུར་རྒྱུར་ཇེ་མགྱོགས་སུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གནས་ཚུལ། “མཐོ་གཉིས་དམའ་གཅིག”གི་རྣམ་གྲངས་རྨོངས་ཚོད་ངང་ལག་བསྟར་བྱ་རྒྱུར་གཏན་འགོག་དང་རྗེས་ལུས་ཐོན་ནུས་དོར་བའི་སྐོར་གྱི་གནས་ཚུལ།      ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་རིང་གི་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན།     སྐྱེ་ཁམས་གཏོར་སྐྱོན་ཚབས་ཆེན་དང་།    ཁོར་ཡུག་སྦགས་བཙོག སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་དང་དེ་བཞིན་ཐག་གཅོད་བྱས་པའི་གནས་ཚུལ།     ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འཁོར་སྐྱོད་གནས་ཚུལ།     ཡར་སྔོན་ལྟ་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་བྱས་པའི་གནས་ཚུལ། མི་དམངས་མང་ཚོགས་ཀྱིས་བཏོན་པའི་འབུར་དུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན།    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད“ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར”དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་བྱས་པའི་གནས་ཚུལ་སོགས་ཚུད་ཡོད།  

བཅའ་སྡོད་བྱེད་རིང་ལྟ་ཞིབ་ཚོ་ཆུང་ཁག་གིས་འབྲེལ་གཏུག་ཁ་པར་དང་སྦྲག་སྲིད་ཡིག་སྒམ་སོ་སོར་བཙུགས་ནས་ལྟ་ཞིབ་བྱ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཐེར་འདོན་འཕྲིན་ཡིག་དང་ཐེར་འདོན་ཁ་པར་བཅས་བདག་སྤྲོད་བྱ་རྒྱུ་རེད། 

རྩོམ་སྒྲིག་པ། ཨ་གཡང་སྐྱིད།