མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་པེ་ཅིན་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ཁྲིམས་འཛུགས་ཀྱི་བསམ་འཆར་བསྡུ་ལེན་ཚོགས་འདུ་འཚོགས་ནས། མཐོ་རིམ་ཁོར་ཡུག་ཐོན་ཁུངས་ཀྱི་ཁྲིམས་འཛུགས་ཆེད་མཁས་པ་དང་མཁས་དབང་སྒྲིག་འཛུགས་བྱས་ཏེ་འཆར་ཟིན་ཡིག་ཆར་རིགས་པས་ཁུངས་སྐྱེལ་དང་འཐུས་ཚང་དུ་བཏང་།
འཆར་ཟིན་ཟིན་འགོད་ཚོ་ཆུང་གི་འགན་འཁུར་བས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྱོང་གི་ཁྲིམས་འཛུགས་བྱ་བའི་རྒྱབ་ལྗོངས་ངོ་སྤྲོད་བྱས་པ་མ་ཟད། སྲོལ་ཡིག་འཆར་ཟིན་གྱི་འཆར་ཟིན་ཟིན་བྲིས་གནས་ཚུལ་དང་ནང་དོན་གཙོ་བོར་ཚོགས་འདུའི་ཐོག་གསལ་བཤད་བྱས་རྗེས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་དང་། རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུའུ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ། ཆིང་ཧྭ་སློབ་ཆེན། པེ་ཅིན་སློབ་ཆེན་བཅས་ཀྱི་ཆེད་མཁས་པ་གྲགས་ཅན་དང་མཁས་དབང་གིས་སྲོལ་ཡིག་འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་མ་ཟིན་ལ་ཁས་ལེན་གང་ལེགས་དང་གདེང་འཇོག་ཅུང་མཐོ་པོ་བྱས། ཆེད་ཁམས་པ་རྣམ་པས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་གི་ཁྱད་ཆོས་དང་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། འཁྱགས་ཀླུང་འཁྱགས་ས་དང་། ཚྭ་མཚོའི་སྐྱེ་ཁམས་སྲུང་སྐྱོང་། རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཟོས་པར་སྐྱིན་ཚབ་འཇལ་བ་སོགས་ཀྱི་དཀའ་གནད་གཙོ་བོ་ལ་གྲོས་སྡུར་གཏིང་ཟབ་བྱས་པ་མ་ཟད། ད་དུང་ཟུར་ཚད་མང་པོ་ནས་འཆར་ཟིན་གྱི་སྒྲོམ་གཞིའི་གྲུབ་ཆ་དང་། སྡེ་ཚན་གྱི་འགན་འཁྲི། བཅའ་ཁྲིམས་ཀྱི་འགན་འཁྲི་གཏན་འཁེལ་སོགས་ཐད་དམིགས་ཡུལ་རང་བཞིན་དང་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་གཞི་བཏོན།
ཆེད་མཁས་པ་དང་མཁས་དབང་ཁྲིམས་འཛུགས་ནང་ཞུགས་པར་གདན་འདྲེན་ཞུ་རྒྱུ་ནི་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོས་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏོང་བ་དང་། ས་གནས་ཀྱི་ཁྲིམས་འཛུགས་སྤུས་ཚད་དང་ལས་ཆོད་ཆེ་རུ་གཏོང་བའི་འགན་སྲུང་གལ་ཆེན་ཞིག་ཡིན། “ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཁོར་ཡུག་ཐོན་ཁུངས་ཨུ་ལྷན་གྱིས་དོན་ཚན་རེ་རེ་བཞིན་ལེགས་སྒྲིག་ཞིབ་འཇུག་དང་བསྡུ་ལེན་གང་ལེགས་བྱས་ནས། ཁྲིམས་སྲོལ་འཆར་ཟིན་ཡིག་ཆར་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བའི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ཏེ། སྤུས་ཚད་མཐོ་བའི་སྲོལ་ཡིག་འཆར་ཟིན་འདོན་རྒྱུའི་འགན་སྲུང་བྱས་ནས་ཟླ11པར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ་ནས‘གནས་ཐུབ་པ་དང་། ལག་ལེན་བསྟར་ཐུབ་པའི’བྱེད་ཐབས་བཟང་པོ་བཟོས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ཆེད་དམངས་འཐུས་ཚོགས་ཆེན་གྱི་་སྟོབས་ཤུགས་འབུལ་རྒྱུ་ཡིན”ཞེས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན་གྱི་འགན་འཁུར་བས་བཤད།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།