མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས27ཉིན། གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཚད་གཞིའི《སྐྱེ་ཁམས་སློབ་གྲྭའི་དཔྱད་བསྡུར་གཏན་འབེབས་སྣེ་ཁྲིད་རྩ་དོན》(DB63/T2168-2023)ཁྱབ་བསྒྲགས་བྱས་ནས། སྐྱེ་ཁམས་སློབ་གྲྭ་གཏོད་པའི་གོ་རིམ་དང་དེ་བཞིན་གདེང་འཇོག་གི་ནང་དོན་དང་། བླང་བྱ། ཆ་རྐྱེན་བཅས་ཁ་གསལ་བཟོས་ཏེ་ཞིང་ཆེན་ཡོངས་སུ་ལྗང་མདོག་སློབ་གྲྭའི་ཐབས་ལམ་དང་ཁ་ཕྱོགས་གསལ་སྟོན་བྱས་ལ། དེའི་དམིགས་ཡུལ་ནི་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཆགས་པ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་ཁྱབ་ཁོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལམ་ལུགས་ཀྱི་སྟོང་ཆ་ནུས་ལྡན་ངང་གསབ་རྒྱུ་རེད།
ཚད་གཞི་དེ་ཞིང་ཆེན་སློབ་གསོ་ཐིང་གིས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། མཚོ་སྔོན་དགེ་འོས་སློབ་ཆེན་སོགས་ཚན་པ་དང་མཉམ་དུ་བཟོས་ནས། སྐྱེ་ཁམས་སློབ་གྲྭ་གསར་འཛུགས་དང་དཔྱད་བསྡུར་གཏན་འབེབས་ལ་དམིགས་ནས། རིམ་པ་དང་པོའི་དམིགས་ཚད་ཁག6དང་རིམ་པ་གཉིས་པའི་དམིགས་ཚད་ཁག17གཏན་འཁེལ་བྱས་པ་དེ་ནི་ཞིང་ཆེན་དེའི་སློབ་གསོའི་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པའི་ནང་ཞུགས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས་སྐྱེ་ཁམས་དཔལ་ཡོན་སློབ་གསོ་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། སྐྱེ་ཁམས་སློབ་གྲྭ་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ“ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་དང་ངེས་གནས་ལ་གཞི་ཚུགས་ཏེ། སློབ་གསོའི་ཁོངས་གཏོགས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས《མཚོ་སྔོན་ཞིང་ཆེན་ལྗང་མདོག་སློབ་གྲྭའི་གསར་གཏོད་ལག་བསྟར་ཇུས་གཞི》དང་།《མཚོ་སྔོན་ཞིང་ཆེན་ལྗང་མདོག་ཐཱན་ཉུང་གི་རྒྱལ་དམངས་སློབ་གསོའི་མ་ལག་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》སོགས་ཡིག་ཆ་གལ་ཆེན་སྔ་རྗེས་སུ་བཟོས་པ་དང་། སློབ་གསོའི་ཁོངས་གཏོགས་སུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་མི་སྣ་གསོ་སྐྱོང་གི་བྱེད་སྒོ་ཧུར་ཐག་སྤེལ་བས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། མཚོ་སྔོན་གྱི་སློབ་གསོའི་ཁོངས་གཏོགས་ཀྱིས《སྐྱེ་ཁམས་སློབ་གྲྭའི་དཔྱད་འདེམས་ཁྲིད་སྟོན་ལམ་སྲོལ》དེ་ཚད་གཞིར་བཟུང་། སྐྱེ་ཁམས་སློབ་གྲྭའི་དཔྱད་བསྡུར་གཏན་འབེབས་ལས་དོན་རྒྱ་ཁྱབ་ངང་སྤེལ་ནས་ས་མཐོའི་སྐྱེ་ཁམས་དཔེ་སྟོན་སློབ་གྲྭ་ཁག་གཅིག་ཧུར་ཐག་བཏོད་དེ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཇེ་མགྱོགས་སུ་གཏང་ཆེད་སློབ་གསོའི་སྟོབས་ཤུགས་བྱས་རྗེས་འཇོག་རྒྱུ་རེད།
གཡང་སྐྱིད་ཀྱིས་བསྒྱུར།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།