ཉེ་སྔོན། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དོན་ཚོགས་འདུ་འཚོགས་ཤིང་།ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྲུང་སྐྱོབ་ཆེན་པོ་མཉམ་དུ་དམ་འཛིན་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པ་མཐའ་འཁྱོངས་བྱས་ཏེ་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ལེགས་འཕེལ་རྒྱས་ཀྱི་མཚོ་སྔོན་པོར་རྒྱུགས་ཤོག་སྤྲོད་དགོས་པའི་ནན་བཤད་གནང་བ་རེད།ཞིང་ཨུད་ཀྱི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཀང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་།ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་།ཉེ་བའི་ལོ་ཤས་རིང་།མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་སྲུང་སྐྱོབ་དང་།ཉམས་གསོ།བཅོས་སྐྱོང་བཅས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བས།མཚོ་སྔོན་པོར་“འཕར་གསུམ། ཆག་གསུམ། འགྱུར་མེད་གཅིག”བཅས་ཀྱི་རྣམ་པ་མངོན་པ་དང་།“རྩྭ་དང་མཚེའུ། ཉ། བྱ”མཉམ་གནས་ཀྱི་སྐྱེ་ཁམས་འབྲེལ་ཐག་དོ་སྙོམས་སུ་ཕྱིན་ནས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།
ཚོགས་འདུའི་ཐོག་མཚོ་སྔོན་པོའི་སྐྱེ་ཁམས་གནས་བབ་གལ་འགངས་ཤིན་ཏུ་ཆེ་བ་དང་།སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དོ་སྙོམས་གནས་འཚོལ་བ།མིག་སྔར་འཕྲད་པའི་དཀའ་གནད་དང་ཐ་ན་དཀའ་གནད་ཐག་གཅོད་ཡག་པོ་བྱེད་པ་བཅས་ནི་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་འཇོན་ཐང་སྤྱོད་ཚུལ་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་ཞིག་རེད།མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་ཞིབ་འཇུག་ནན་ཏན་བྱས་ནས་སྒྲིག་བཟོ་བྱས་ཏེ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་།རྩེ་རིམ་ཇུས་འགོད་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་གཅིག་གྱུར་སྦྲེལ་མཐུད་དང་།ནུས་པ་གསབ་རེས།ཕན་ཚུན་མཐུན་སྦྱོར་བཅས་ཀྱི་འཆར་འགོད་མ་ལག་ཅིག་ཆགས་པ་བྱེད་དགོས།དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་མཐུན་སྦྱོར་གང་མགྱོགས་བྱས་ཏེ་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་དང་ལེགས་བཅོས་ཀྱི་ཁ་ཕྱོགས་བཙལ་ནས་ཞིང་ཆེན་ཡོངས་ཀྱི་“མིག་མངས་འགྲིག་སྐོར་གཅིག་”གི་བསམ་བློར་བརྟེན་ནས་མཉམ་འཛིན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་ཆགས་པར་བྱ་དགོས།ཆུ་རྩྭའི་རིགས་ཀྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཞིབ་འཇུག་ལ་ཤུགས་སྣོན་དང་།གནད་སྨིན་ཇུས་བསྟར།ཚན་རིག་དང་མཐུན་པའི་བཅོས་སྐྱོང་བཅས་བྱས་ནས་མཚོ་སྔོན་པོའི་ཆུའི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།ཆུའི་སྦགས་བཙོག་འགོག་བཅོས་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གཙང་པོ་དང་མཚེའུ་ཡི་འགན་འཁུར་བའི་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་གཏོང་བ་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གི་ལྟ་ཞིབ་ནུས་པ་འདོན་སྤེལ་བྱེད་པ།རྒྱུན་འཁྱོངས་ལྷོད་མེད་ངང“གསང་སྤྱོད་གསར་བརྗེར”སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཚོ་བའི་ཐོན་སྐྱེད་ཀྱི་བཙོག་ཆུ་སོགས་ཞོར་ཐོན་ཁོར་ཡུག་གི་གནད་དོན་ཐོན་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས།ཉེན་ཁར་དོགས་ཟོན་དང་བཀག་འགོག་བྱེད་པའི་གྲ་སྒྲིག་ཡོད་པའི་དམག་འཐབ་ཡག་པོ་རྒྱག་པ་དང་།ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ།བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ།གླེང་ཕྱོགས་ལ་ལྟ་ཞིབ་ཚད་ལེན་དང་ཁྲིད་སྟོན་བྱ་རྒྱུར་མཐོང་ཆེན་བཅས་བྱས་ཏེ་འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས།རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱས་ནས་ཁྲིམས་འགལ་ངང་ལྐོག་ཏུ་འཛིན་བཟུང་བྱེད་པའི་བྱེད་སྤྱོད་ལ་མུ་མཐུད་རྡུང་རྡེག་གཏོང་བ་དང་།ཉ་རིགས་ཕྱིར་རྐྱལ་དང་འདབ་ཆགས་གནས་སྤོ་བྱེད་ལམ་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དྲིལ་བསྒྲགས་ཁྲིད་སྟོན་རྒྱ་ཁྱབ་ངང་བྱེད་དགོས།བྱེ་འགོག་བྱེ་བཅོས་མུ་མཐུད་བྱེད་པ་དང་།བཅོས་སྐྱོང་ལམ་སྲོལ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ།མཚོ་སྐོར་བྱེ་བཅོས་ཀྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་རྩྭ་ཕྱུགས་དོ་སྙོམས་ཀྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྒྲུབ་དགོས།སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་གི་དམར་ཐིག་བརྟན་པོ་སྲུང་བ་དང་།ཡུལ་སྐོར་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བྱེད་པ།ཞིང་འབྲེལ་ཞིང་ལས་ལ་སྐུལ་ཁྲིད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་སྲུང་སྐྱོབ་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོབ་ཏན་ཏིག་བྱེད་དགོས།
ཚོགས་འདུའི་ཐོག་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་།འཆར་འགོད་མ་ལག་འཛུགས་སྐྱོང་།ཆུ་སྐྱེས་སྔོ་རིགས་བཅོས་སྐྱོང་སོགས་ཀྱི་ལས་དོན་སྤེལ་ཚུལ་གསན་པ་རེད།
ཚོགས་འདུ་མ་འཚོགས་གོང་ཁྲེན་ཀང་གིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་།ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གཞུང་དོན་ཁང་།ཞིང་ཆེན་ཁྱབ་འགྱེད་ཁོར་ཡུག་དོ་དམ་ས་ཚིགས་བཅས་སུ་བརྟག་ཞིབ་གནང་བ་རེད།
ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཤང་ཧྥུང་དང་།ལུའེ་ཀང་།ལིའུ་ཐའོ།ཧོ་ལུའུ་ཁྲུན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།
ལོ་ཙཱ་བ། ལྷ་ཆེན་རྒྱལ།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།