ཉེ་སྔོན། གསར་འགོད་པས་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་པོའི་སྟོན་དུས་ཆུ་བྱ་གནས་སྤོ་བྱེད་རིང་།མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱི་ལྟ་ཞིབ་ཚད་ལེན་མི་སྣས་ཆུ་བྱ་རིགས་34དང་ཆུ་བྱ་ཁྲི་20.3ལ་ལྟ་ཞིབ་ཚད་ལེན་ཐུབ་ཡོད་པ་རེད།
ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་པར།ཟླ་10པ་ནས་བཟུང་གནས་སྤོས་པའི་ཆུ་བྱ་འབོར་ཆེན་དང་།མཚོ་སྔོན་པོར་ད་དུང་ཁ་བྲལ་མེད་པའི་ཆུ་བྱ་དང་དགུན་སྒྲོལ་གྱི་ཆུ་བྱ་བཅས་མཚོ་སྔོན་པོར་འཛོམས་ཡོད་པ་རེད།ངང་པའི་རིགས་ཁྲི་17.9ལྷག་ཙམ་ཡོད་པ་དེའི་ནང་གཙོ་བོ་བྱ་གག་མཆུ་དམར་དང་།ཁྲུང་ཁྲུང་མགོ་ཁྲ།བྱ་གག་མགོ་དམར།བྱ་གག་སྐེ་དམར།བྱ་གག་མགོ་སེར།བྱ་གག་མགོ་ལྗང་།བྱ་གག་རྔ་མ་ཁབ་ཅན་སོགས་ཚུད་ཡོད།བྱ་གག་མཆུ་དམར་ནི་མཚོ་སྔོན་པོའི་སྟོན་དུས་གནས་སྤོའི་དུས་ཀྱི་ལེགས་ཆ་ཆེ་ཤོས་ཡིན་པ་དེས་སྤྱིའི་གྲངས་འབོར་གྱི་35.1%བཟུང་ཡོད།མཚོ་སྔོན་པོའི་སྐྱེ་འཕེལ་དབྱར་དུས་བྱ་རིགས་མང་ཆེ་བ་གནས་སྤོ་བྱས་ཟིན་པ་དང་ད་དུང་གནས་སྤོ་བྱས་མེད་པའི་ཆུ་བྱ་ལ་གཤོག་མགོ་དང་།སོ་བྱ་དཀྱུས་མ།ཆུ་སྐྱར་མགོ་སྐྱར་སོགས་ཡོད།
ལྟ་ཞིབ་ཚད་ལེན་མི་སྣས་ད་དུང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་གི་རི་སྐྱེས་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་128དང་།རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་གི་རི་སྐྱེས་སྲོག་ཆགས་སྐེ་ནག་55དང་།ཁྲུང་ཁྲུང་སྐྱ་ནག་39སྐེད་པ་དཀར་པོའི་ཁྲུང་ཁྲུང་སྐེ་ནག་1བཅས་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་དགུན་དུས་དུས་བྱའི་ངང་དཀར་ཧ་ལམ་ཐོན་པ་དང་གྲངས་འབོར་400ལྷག་ཙམ་ཟིན་ཡོད་པ་རེད།
མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།མཚོ་སྔོན་པོ་ནི་རྒྱལ་སྤྱིའི་དུས་བྱ་གནས་སྤོ་བགྲོད་ལམ་གྱི་ལྷུ་ཚིགས་གལ་ཆེན་དང་གནས་སྤོ་བྱེད་མཚམས་འཇོག་ཡུལ་གལ་ཆེན་ཞིག་རེད།ལོ་ལྟར་སྟོན་དུས་གནས་སྤོ་བྱེད་པའི་དུས་སུ་སླེབས་སྐབས་ལྷོ་ཕྱོགས་སུ་དགུན་སྒྲོལ་དུ་སྐྱོད་པའི་དུས་བྱ་འབོར་ཆེན་གྱིས་མཚོ་སྔོན་པོ་དེ་ཉིད་གནས་སྤོ་བྱེད་པའི་འགྲུལ་བཞུད་བྱེད་རིང་གི་ངལ་གསོ་རྒྱག་ཡུལ་དང་སྣུམ་སྣོན་ས་ཚིགས་གལ་ཆེན་ཞིག་ཏུ་བརྩི་གི་ཡོད་པ་མ་ཟད།ཟླ་10པའི་ཟླ་སྨད་དུ་གནས་སྤོ་བྱེད་མང་ཤོས་ཀྱི་དུས་སུ་གྱུར་ཡོད།
ཆུ་བྱ་འཚོ་སྡོད་ཁུལ་གཙོ་བོ་དང་དེ་བཞིན་རྒྱལ་སྤྱིའི་དུས་བྱའི་གནས་སྤོའི་བགྲོད་ལམ་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་མཚོ་སྔོན་པོའི་སྐྱེ་ཁམས་ནུས་པ་དང་སྐྱེ་ཁམས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ཆུ་བྱ་མང་པོ་མཚོ་སྔོན་པོར་སྐྱེ་འཕེལ་དང་།གནས་སྤོ་ངལ་གསོ།དགུན་སྒྲོལ་བཅས་བྱེད་པའི་ཡིད་དབང་བཀུག་ནས་མཚོ་སྔོན་པོའི་འདམ་རའི་རྒྱ་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་པ་དེས་འདབ་ཆགས་ལ་བཟའ་བཅའི་ཡོང་ཁུངས་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཡོད་པ་རེད།
དུས་བྱ་མཚོ་སྔོན་པོར་བདེ་འཇགས་ངང་མཚམས་འཇོག་ཐུབ་པའི་འགན་ལེན་བྱ་ཆེད།མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱིས་སྐོར་ཞིབ་སྐོར་སྲུང་དང་།ལྟ་ཞིབ་ཚད་ལེན།སྲུང་སྐྱོབ་བཅས་ཀྱི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་འབྲེལ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་སྤེལ་ཏེ་དུས་བྱ་ལ་བདེ་འཇགས་ཀྱི་འཚོ་གནས་ཁོར་ཡུག་ཅིག་བཏོད་ཡོད།
ལོ་ཙཱ་བ། ལྷ་ཆེན་རྒྱལ།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།