མདོ་དབུས་མཐོ་སྒང་གི་གསའ་ལ་སྲུང་སྐྱོབ་བྱེད་པའི་མནའ་འབྲེལ་འཛུགས་པའི་ཚོགས་ཆེན་གྱི་ཟུར་བྲིས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

2023ལོའི་ཟླ་10ཚེས་23ཉིན“གསའ་ལ་སྲུང་སྐྱོབ་བྱེད་པ”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་མདོ་དབུས་མཐོ་སྒང་གི་གསའ་ལ་སྲུང་སྐྱོབ་བྱེད་པའི་བགྲོ་གླེང་ཚོགས་འདུ་དང་མདོ་དབུས་མཐོ་སྒང་གི་གསའ་ལ་སྲུང་སྐྱོབ་བྱེད་པའི་མནའ་འབྲེལ་འཛུགས་པའི་ཚོགས་ཆེན་མཚོ་སྔོན་ཟི་ལིང་དུ་འཚོགས་པ་རེད།

རྒྱལ་ཁབ་ཕྱི་ནང་གི་གསའ་སྲུང་སྐྱོབ་བྱ་གཞག་ལ་ཡུན་རིང་དོ་ཁུར་བྱེད་མཁན་འགོ་ཁྲིད་སྐུ་མགྲོན་200ལྷག་ཙམ་དང་།རྒྱལ་ཁབ་ཕྱི་ནང་གི་ཚན་ཞིབ་ཁང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་།སྤྱི་ཚོགས་རྩ་འཛུགས་བཅས་མཉམ་དུ་འཛོམས་ནས་གསའ་སྲུང་སྐྱོབ་བྱ་གཞག་ལ་མཉམ་དུ་གླེང་བ་དང་མདོ་དབུས་མཐོ་སྒང་གི་གསའ་སྲུང་སྐྱོབ་མནའ་འབྲེལ་འཕེལ་རྒྱས་ཀྱི་གོ་སྐབས་ལྷུག་པོར་གླེང་བ་རེད།

“འདྲ་པར་ལ་བལྟས་ན། ལོ་ཤས་རིང་གསའ་ཡི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད”ཚོགས་ཆེན་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཁུལ་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་པར་རྒྱག་རྒྱུར་དགའ་བའི་ལྟད་མོ་བ་ཁ་ཤས་ཀྱིས་དགའ་སྤྲོའི་ངང་གླེང་མོལ་བྱས་པ་རེད།

གསའ་ཡི་གྲངས་འབོར་མང་དུ་ཕྱིན་པ་དེ་ནི་མི་རྣམས་ཀྱི་ཐད་ཀའི་མྱོང་ཚོར་ཙམ་མ་ཟད།གྲངས་གཞིའི་འདེགས་སྐྱོར་དེ་བས་གསལ་པོ་ཡོད།འདི་ལོའི་ཟླ་3པ་ནས་བཟུང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་ཆེད་ལས་ལག་རྩལ་ཚོགས་པར་2017ལོ་ནས་2022ལོ་བར་གྱི་བརྟག་དཔྱད་གྲངས་གཞི་བསྡུ་སྒྲིལ་བྱ་རྒྱུའི་མངགས་བཅོལ་བྱས་པ་དང་བར་མཐོངས་མཚོན་རྟགས་སྤྱད་དེ་བསྐྱར་དུ་འཛིན་པའི་དཔེ་དབྱིབསSCRསྤྱད་དེ་མཚོ་སྔོན་ས་ཁུལ་གྱི་གསའ་རིགས་ཀྱི་གྲངས་འབོར་251(95%ཡི་ཡིད་ཆེས་བར་ཁོངས་ནི་171ནས་369བར)ཟིན་པ་དང་ཁྱུ་ཚོགས་ཀྱི་འདུས་ཚད་སྟོང་སྨི་100རེར་སྤྱི་ལེ་1.67ཟིན་ཡོད་པ་རེད།

རྒྱལ་སྤྱིའི་བདག་ཏུ་མ་བཟུང་བའི་སྐྱེ་དངོས་སྲུང་སྐྱོབ་སློབ་ཚོགསWCSཔེ་ཅིང་འཐུས་མི་ཁྲུའུ་ཡི་དབུ་བཞུགས་འཐུས་མི་ཝང་ཨའེ་མིན་གྱིས་ཤིས་ཚིག་གསུང་སྐབས་ཉེ་བའི་ལོ་བཅུ་གྲངས་རིང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་མགྱོགས་མྱུར་བཏང་བ་དང་ལྷག་པར་དུ་གསའ་སྲུང་སྐྱོབ་ཐད་རང་རྒྱལ་གྱི་རང་བྱུང་སྲུང་སྐྱོབ་གི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་གཞན་ཞིག་ཏུ་འགྱུར་བཞིན་ཡོད་ཅེས་བཤད་པ་རེད།

གྲུབ་འབྲས་ཐོབ་པ་དེ་ནི་གསའ་འཚོ་གནས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་རྒྱབ་ཏུ་རྒྱལ་ནང་དང་རྒྱལ་སྤྱི་ཡིན་པ་དང་།ཀྲུང་དབྱང་ནས་ས་གནས་བར་རིམ་ཁག་འབྲེལ་ཡོད་སྡེ་ཚན་དང་།ཚོགས་པ།དམངས་ཁྲོད་རྩ་འཛུགས།ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་ཞིག་རེད།

རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཚན་རིག་ལག་རྩལ་སིའི་རིམ་པ་གཉིས་པའི་སྐོར་ཞིབ་པ་སུང་ཧུང་ཀྲུའུ་ཡིས་2021ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཅུས་དེས་མཉམ་འབྲེལ་ཐོག“ནགས་ཚལ་དང་རྩྭ་ཐང་གི་མཐོ་གསར་ལག་རྩལ་མཚོ་སྔོན་དུ་སྤེལ་བའི”བྱེད་སྒོ་སྤེལ་ནས་རྒྱལ་ཡོངས་ཀྱི་ཚན་རྩལ་སྟོབས་ཤུགས་ཆེ་ཤོས་གཅིག་ཏུ་བསྒྲིལ་ནས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུས་པ་དང་།མིག་སྔར“རིགས་གཅིག་མཁས་ཅན་གྱི་ཚན་རྩལ་ཞབས་ཞུ་ཚོགས་པའི”བཀོལ་སྤྱོད་གྲུབ་འབྲས་ཀྱི་མིང་ཐོ210བསྒྲགས་འདུག

མིག་སྔར་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་བསྟུན་ནས་མི་རྣམས་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང“གངས་རིའི་རྒྱལ་པོ”དེ་མིའི་རིགས་ཀྱི་འཇིག་རྟེན་དུ་རིམ་བཞིན་བསྐྱོད་དེ“མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས”ཀྱི་འཚོལ་ཞིབ་དེ་བས་མང་བ་བྱུང་བ་མ་ཟད།ང་ཚོས་ཞིང་ཆེན་དབར་གྱི་མཉམ་ལས་དེ་བས་མང་བ་བྱ་རྒྱུར་སྐུལ་མ་ཐེབས་ཡོད།

ཉེ་བའི་ལོ་ཤས་རིང་གསའ་ཁྱབ་ཚུལ་མདོ་དབུས་མཐོ་སྒང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་གསའ་ལ་བརྟག་དཔྱད་ལྟ་ཞིབ་ཚད་ལེན་དང་།འཚོ་གནས་ཁུལ་གྱི་དཔྱད་དཔོགམི་ཐབས་ལ་བརྟེན་ནས་རྒྱུད་སྤེལ་དང་དེ་བཞིན་ཕྱི་རོལ་དུ་གློད་པ་སོགས་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་སྤེལ་ནས་རང་རྒྱལ་གྱི་གསའ་སྲུང་སྐྱོབ་ལས་དོན་དེ་འཛམ་གླིང་གི་མདུན་གྲལ་དུ་རིམ་བཞིན་སླེབས་ཡོད་པ་རེད།དེའི་ནང་ཚན་ཞིབ་ཚོགས་པ་ཁག་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ནུས་པ་ཆེན་པོ་བཏོན་ཡོད།

“ང་ཚོས་ས་གནས་དེ་གའི་མི་རྣམས་ལ་གསའ་ལ་སྲུང་སྐྱོབ་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་གལ་ཆེའི་རང་བཞིན་འགྲེལ་བཤད་བརྒྱབ་ནས་ཁོང་ཚོར་དམར་ཕྱིའི་པར་ཆས་སྤྱོད་སྟངས་སློབ་ཀྱི་ཡོད།ལྟ་ཞིབ་ཚད་ལེན་ལས་དོན་དེ་མཇུག་འགྲིལ་རུང་འབྲོག་པར་གསའ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་སྤྲོ་སྣང་ཡོད་པས་རང་འགུལ་ངང་རང་ཁྱིམ་གྱི་རྩྭ་རའི་ཉེ་འགྲམ་དུ་པར་ཆས་བཙུགས་ནས་ལྟ་ཞིབ་ཚད་ལེན་བྱེད་འགོ་ཚུགས་པ་རེད”ཅེས་བཤད།

“མདོ་ལ་རིང་མོར་གསའ་པར་ལེན་དོན་ནི་ཟིན་ཐོ་འགོད་ཆེད་ཡིན་པ་མ་ཟད།དེ་བས་གལ་ཆེ་བ་ཞིག་ནི་པར་ལེན་བརྒྱུད་དེ་མི་རྣམས་ལ་དེ་ནི་ང་ཚོའི་ཉེ་འགྲམ་གྱི་རོགས་ཟླ་ཡིན་པ་བཤད་རྒྱུ་དེ་རེད”མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་དབུ་བཞུགས་མིང་རྟགས་བཀོད་པའི་པར་རྒྱག་མཁས་ཅན་པའོ་ཡུང་ཆིང་གིས་འགྲེམས་སྟོན་བྱས་པའི་གསའ་ཡི་པར་རེ་རེ་ལས་ང་ཚོར་ཕུན་སུམ་ཚོགས་པའི་འཚོ་བ་ཉམས་སུ་མྱོང་ཐུབ་པ་མ་ཟད།ཚང་མ་སྲོག་ཆགས་དེ་སྲུང་སྐྱོབ་བྱེད་པའི་བྱ་གཞག་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།

“གསའ་ལ་སྲུང་སྐྱོབ་བྱེད”ཅེས་པ་ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ཡིན་ལ་དེའི་ནང་ཞུགས་མཁན་ཚང་མའི་ཕུགས་འདུན་ཡང་ཡིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།