སྟོན་དུས་སུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཡོད་པའི་སྟོང་རི་མཚོ་ནག་ནི་ལྷིང་ཞིང་འཇགས་ལ་མཛེས་ཤིང་ཡིད་དབང་འཕྲོག་པ་ཞིག་རེད། ནམ་མཁའ་གཡའ་དག་ལ་མཚོ་མོ་སྔོ་ལྡེམ་ལྡེམ་གཡོ་ཞིང་མཚོ་འགྲམ་གྱི་སྤང་ལྗོངས་ལ་དམར་ལྗང་སེར་གསུམ་གྱིས་རི་མོ་མཁན་ཞིག་གི་ཚོན་ཁ་སྡེབ་སའི་སྡེར་མ་དང་གཉིས་སུ་མ་མཆིས། བསིལ་རླུང་དལ་གྱིས་ལྡང་བ་ན་མཚོ་ངོས་སུ་རླབས་རིས་འཁྲུགས་ཤིང་། ཆུ་ངོགས་ན་བྱེའུས་འཕུར་ལྡིང་ལ་རྩེན་པས་རང་བྱུང་ཁམས་ཆེན་མོའི་མཛེས་པའི་རི་མོ་ཞིག་ཡུལ་དེར་བཤམས་ཡོད།
ཟླ10པའི་ཚེས9ཉིན། སྟོང་རི་མཚོ་ནག་གི་འགྲམ་དུ་རྐྱང་བརྒྱ་ཕྲག་ཁ་ཤས་ཀྱིས་རྩྭ་ཐང་དུ་བག་ཕེབས་ངང་མཉམ་དུ་གཟན་རྩྭར་སྙེག་བཞིན་ཡོད། དེ་དག་སྐབས་རེར་བག་ཕེབས་ངང་རྒྱུ་བ་དང་། སྐབས་རེར་འདུར་རྒྱུག་བྱེད་བཞིན་མཚོ་འགྲམ་དུ་བསྐྱོད་དེ། རྩྭ་ཐང་གི་ལྷིང་འཇགས་ལོངས་སུ་སྤྱོད་བཞིན་པའི་རྣམ་པ་དེ་ནི་ཧ་ཅང་བརྗིད་ཉམས་ལྡན་པ་ཞིག་རེད།
རྐྱང་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པ་དང་། མཚོ་བོད་མཐོ་སྒང་དུ་ཆེས་དཔེ་མཚོན་ལྡན་པའི་སྲོག་ཆགས་ཀྱི་ཡ་གྱལ་ཞིག་ཡིན། གྲང་ངར་ཆེ་བའི་ཐང་སྟོང་དུ་འཚོ་ཞིང་། རྐྱང་གི་ལུས་སྟོབས་ཆེ་ལ་སུག་བཞིར་ཤེད་ཤུགས་འཛོམས། བང་རྩལ་མགྱོགས་ཤིང་གཟུགས་གཞི་ཡག ཉེ་བའི་ལོ་ཤས་རིང་། མགོ་ལོག་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་བསྟུན་ནས། རྐྱང་ཚུད་པའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཡང་ཡང་མཐོང་ལམ་དུ་མངོན་ཞིང་། རིགས་ཁྱུ་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། འཚོ་སྡོད་དང་འགུལ་སྐྱོད་ཁྱབ་ཁོངས་རྒྱ་ཆེ་རུ་འགྲོ་བཞིན་ཡོད་ལ། སྐྱེ་དངོས་ཀྱི་རིགས་དང་། ཉ་རིགས། དུས་བྱ་སོགས་སྐྱེ་དངོས་སྣ་མང་རང་བཞིན་ལའང་སྲུང་སྐྱོབ་ནུས་ལྡན་ཐོབ་ཡོད།
མགོ་ལོག་ཁུལ་བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ། སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། སྐྱེ་ཁམས་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར17.62གཙོ་གནད་བྱ་བའི་སྟེང་དོན་འཁྱོལ་བྱས་ནས། ས་མུའུ་ཁྲི9.6ཏུ་སྡོང་པོ་བཙུགས་པ་དང་། རྩྭ་ཐང་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་བྱས་ཚད་ས་མུའུ་ཁྲི154.79དང་། རྒྱལ་ཁབ་མངའ་ཁོངས་ལྗང་བསྒྱུར་བྱས་ཚད་ས་མུའུ་ཁྲི9.6། སྡོང་ཕྲུག་སྣ་ཚོགས་རྐང་ཁྲི4.2བཙུགས་པ་བཅས་ཡོངས་འགྲུབ་བྱས། རྨ་ཆུའི་ཆུ་རྒྱུན་གྱི་སྐྱེ་ཁམས་སླར་གསོ་དང་། དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་གྱི་ཁོ་ཆུའི་འབབ་རྒྱུད་ཀྱི་ས་ཆུ་སྲུང་འཛིན་སོགས་སླར་གསོ་བཅོས་སྐྱོང་བཟོ་འགོད་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་བཞིན་ཡོད་པ་དང་། ནགས(རྩྭ)དཔོན་ལམ་ལུགས་དང་ཆུ(མཚེའུ)དཔོན་ལམ་ལུགས་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་ལ། འབྲི་ཆུ་དང་རྨ་ཆུའི་ནང་ཉ་འཛིན་པར་བཀག་སྡོམ་བྱེད་པའི་བྱ་བ་མུ་མཐུད་དུ་གཏིང་ཟབ་ངང་སྒྲུབ་བཞིན་ཡོད། རྨ་ཆུའི་གཞུང་རྒྱུན་མངའ་ཁོངས་ལས་བཞུར་བའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགསIལ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། ས་ངོས་ཆུའི་དཔྱད་ཞིབ་བཅད་ངོས14ཡི་ལོ་རེའི་ཆུའི་སྤུས་ཚད་ལེགས་པའི་བསྡུར་གྲངས་བརྒྱ་ཆ100རུ་རྒྱུན་འཁྱོངས་ཐུབ་ཡོད། ཁུལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་བརྒྱ་ཆ98.2ལ་སླེབས་ཡོད།
སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་བཟོ་འགོད་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། མགོ་ལོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ནུས་ལྡན་ཐོབ་ཡོད། །
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།