ཨན་ཧུའེ་ཧི་ཧྥེ་དང་ཧུའུ་ནན་གྱི་ཧྲའོ་དབྱང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གཞི་རིམ་བཅོས་སྐྱོང་དང་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་།
ཨན་ཧུའེ་ཧི་ཧྥེ་ཡིས་གཞིས་ཁུལ་རེར་དྲ་མིག་རེ་དང་ཀྲི་པུའུ་རེ་བཙུགས་ནས་གཞི་རིམ་བཅོས་སྐྱོང་གིས་དམངས་ཀྱི་སེམས་ཁྲལ་སེལ།
ཨན་ཧུའེ་ཧི་ཧྥེ་རུ། ས་གནས་ཀྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱས། ལུའུ་དབྱང་ཆུས་ནི་གྲོང་ཁྱེར་རྙིང་པ་ཞིག་ཡིན་ལ། མང་ཚོགས་ལ་ཞབས་འདེགས་སྔར་བས་ལེགས་པོ་ཞུ་ཆེད། འདི་རུ་གཞི་རིམ་བཅོས་སྐྱོང་གི་དྲ་མིག་ལེགས་སྒྲིག་དང་བསྡུ་སྒྲིལ་བྱེད་བཞིན་ཡོད་ཅིང་། གཞིས་ཁུལ་རེར་དྲ་མིག་རེ་དང་། དྲ་མིག་རེར་ཏང་ཀྲི་པུའུ་རེ་བཙུགས་ཏེ། གཞི་རིམ་བཅོས་སྐྱོང་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་སྲོག་ཤིང་ནུས་པ་ཇེ་དྲག་ཏུ་བཏང་།
ཨན་ཧུའེ་ཞིང་ཆེན་ཧི་ཧྥེ་གྲོང་ཁྱེར་ལུའུ་དབྱང་ཆུས་ཆིང་ཧྭ་སྡེ་ཁུལ་ཏང་ཨུའི་ཧྲུའུ་ཅི། ལི་ཆོན་གྱིས་བཤད་རྒྱུར།
དེ་སྔོན་གྱི་དྲ་མིག་གི་འགན་འཁྲི་གསལ་བོ་མིན་ལ། མཐའ་མཚམས་ཁ་གསལ་མེད་པས་མང་ཚོགས་ལ་ཞབས་འདེགས་ཞུ་བར་གནད་འཁེལ་ཅན་དང་ཞིབ་ཕྲ་ཅན་གྱི་ཕྱོགས་སུ་ཞན་ཆ་ཡོད། ད་ཐེངས་ང་ཚོས་སྡེ་ཁུལ་ལྟར་དབྱེ་ནས། སྡེ་ཁུལ་གྱི་ཀྲི་པུའུ་ཧྲུའུ་ཅི་ནི་དྲ་མིག་དཔོན་བྱས་ནས་མང་ཚོགས་ཉེ་འགྲམ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་ཀྱིན་ཡོད་ཟེར།
ཆིང་ཧྭ་སྡེ་ཁུལ་དུས་རབས་སྤྲོ་སྐྱིད་གཞིས་ཁུལ་བཙུགས་ནས་ལོ20ལྷག་འགོར་ཡོད། དུས་ཡུན་རིང་པོར་ཞིག་གསོ་མ་བྱས་པས། ཐོག་ཁང་མི་ཉུང་བ་ཞིག་གི་ཕྱིའི་གྱང་ངོས་ཀྱི་དྲོད་སྲུང་སོགས་རྙིང་ནས་ལྷུང་བཞིན་ཡོད། འོན་ཀྱང་ཕྱོགས་མང་དོ་དམ་དང་མ་དངུལ་བསྡུ་དཀའ་བ་སོགས་ཀྱི་རྐྱེན་གྱིས་ད་རག་བར་ཐག་གཅོད་ཐུབ་མེད། ཉིན་འདི་དག་ལ་གཞིས་ཁུལ་གྱི་དྲ་མིག་དཔོན་གྱིས་སྣེ་ཁྲིད་དེ་ཕྱོགས་ཁག་གིས་མཐུན་སྦྱོར་ཚོགས་འདུ་ཚོགས།
ཨན་ཧུའེ་ཞིང་ཆེན་ཧི་ཧྥེ་གྲོང་ཁྱེར་ལུའུ་དབྱང་ཆུས་ཆིང་ཧྭ་སྡེ་ཁུལ་དུས་རབས་སྤྲོ་སྐྱིད་གཞིས་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི། དྲ་མིག་དཔོན། ཝང་ལིང་གིས་བཤད་རྒྱུར། ང་ཚོའི་གཞིས་ཁུལ་གྱི་ཏང་རྩ་འཛུགས་སྣེ་ཁྲིད་དེ་གཞིས་ལས་ཀུང་སི་དང་། དངོས་ཟོག་དོ་དམ་ཚོགས་པ། གཞིས་ཁུལ་གྱི་ཏང་ཡོན་མང་ཚོགས་བཅས་ཀྱིས་མཉམ་དུ་“ཕྱོགས་གསུམ་གཞི་གཅིག་”གི་དོན་གྲོས་གྲོས་མོལ་ཚོགས་འདུ་འཚོགས་ཤིང་། ཚང་མ་མཉམ་དུ་འཛོམས་ནས་གླེང་མོལ་བྱས་ཏེ། དག་ཐེར་ཡོ་བསྲང་བྱེད་ཐབས་ཞིབ་ཕྲར་གྲོས་མོལ་བྱས་ཟེར།
གྲོས་མོལ་བྱས་རྗེས་ཚང་མས་གྲོས་ཐག་བཅད་དེ། སྡེ་ཁུལ་གྱིས་འབྲེལ་ཡོད་སྡེ་ཁག་ལ་དམངས་ལ་ཞབས་འདེགས་ཞུ་བའི་ཆེད་དོན་གྲོན་དངུལ་རེ་ཞུ་བྱ་རྒྱུ་བྱས་ཤིང་། དངོས་ཟོག་དོ་དམ་ཚོགས་པས་གཞིས་ཁུལ་གྱི་ས་འོག་རླངས་འཁོར་འཇོག་ཁང་གི་ཁེ་བཟང་ནང་ནས་ཆ་ཤས་ཤིག་ལེན་པ་དང་། སྡེ་ལས་ཀྱིས་སླར་ཡང་ཆ་ཤས་ཤིག་འདོན་རྒྱུ་བྱས། དེ་ལྟར་བྱས་ཚེ། ཉམས་གསོའི་མ་དངུལ་མྱུར་དུ་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་། ཉམས་གསོའི་བྱ་བ་འཕྲལ་མར་སྤེལ་ཐུབ་པ་བྱུང་།
སླད་ཕྱིན་ཧི་ཧྥེ་ཡིས་ད་དུང་གཞིས་ཁུལ་གྱི་དྲ་མིག་ཏང་རྩ་འཛུགས་ཀྱི་ཁོངས་མི་འདེམས་སྒྲིག་བྱས་ཏེ། “ཏང་དང་མང་ཚོགས་ཀྱི་གྲོས་དོན་ཚོགས་པ”སོགས་ཀྱི་འབྲེལ་གཏུག་ལས་སྟེགས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས་རྒྱུན་རྣམ་ཅན་གྱིས་དམངས་ཀྱི་འདོད་བློར་ཉན་ནས་དམངས་ཀྱི་སེམས་ཁྲལ་སེལ་ཐབས་བྱེད་དགོས་ལ། སྡེ་ལས་ཀྱི་འགལ་བ་དང་ཁྱིམ་མཚེས་བར་གྱི་རྩོད་གཞི་སོགས་སེམས་མི་སྐྱིད་པའི་དོན་དག་གྲོས་མོལ་གྱིས་ཐག་གཅོད་བྱས། རེ་ཞུ་སྔར་བས་དང་ལེན་མགྱོགས་པ་དང་། གནད་དོན་སྔར་བས་དུས་ཐོག་ཏུ་ཐག་གཅོད་ཐུབ་པ་བྱ་རྒྱུ་རེད།
ཧུའུ་ནན་ཧྲའོ་དབྱང་གིས་རྒན་གསོའི་ཞབས་ཞུའི་ཞིབ་ཚགས་ཅན་ལ་སྐུལ་འདེད་བཏང་།
ཧུའུ་ནན་ཞིང་ཆེན་ཧྲའོ་དབྱང་གྲོང་ཁྱེར་གྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུ་དེ་གཞི་རིམ་དུ་བསྲིངས་བ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཁྱབ་ཁོངས་སུ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་།
ལུང་ཧོས་རྫོང་དུ་ལོ60ཡན་གྱི་ལོ་ལོན་འབུམ་གཉིས་དང་ཁྲི་གཅིག་ལྷག་ཙམ་ཡོད་པའི་ནང་། ལོ་80ཡན་གྱི་ལོ་ལོན་ཁྲི3ལས་བརྒལ་ཡོད། སྡེ་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་བཅར་འདྲི་དང་བཞུགས་མོལ་སོགས་ཀྱི་རྣམ་པ་སྤྱད་དེ། ལོ་ལོན་ཚོའི་རེ་ཞུར་ཉན་པ་དང་། ལོ་ལོན་ལ་ལས་ལག་ཁྱེར་ཁ་པར་ཐོག་ནས་ངོ་བཤེར་དགོས་པའི་དོན་ཚན་ཁ་ཤས་ཀྱིས་ཁོ་ཚོར་དཀའ་ངལ་ཅུང་ཟད་སྤྲད་སོང་ཟེར།
ཧུའུ་ནན་ཞིང་ཆེན་ཧྲའོ་དབྱང་གྲོང་ཁྱེར་ལུང་ཧུའེ་རྫོང་ཧྭ་མོན་སྲང་ལམ་གྱི་གྲོང་མི། ཝང་ཨའེ་ཧུང་གིས་བཤད་རྒྱུར། ང་ཚོ་ལོ་ལོན་ཚོས་རིག་ནུས་ལག་ཁྱེར་ཁ་པར་སྤྱོད་མཁན་ཧ་ཅང་ཉུང་ཉུང་ཡིན་ཞིང་། མི་མང་པོ་ཞིག་གིས་བཀོལ་སྤྱོད་བྱེད་མི་ཤེས་ལ། བུ་ཕྲུག་ཀྱང་གམ་དུ་མེད་པ་དང་། ད་དུང་ལག་ཁྱེར་ཁ་པར་ལ་ཁ་གཏད་ནས་ངོ་བཤེར་དགོས་པས། བཀོལ་སྤྱོད་ཇི་ལྟར་བྱེད་དགོས་མིན་མི་ཤེས་ཟེར།
མང་ཚོགས་ལ་དགོས་མཁོ་ཡོད་ན། ཞབས་ཞུ་རྗེས་ཆོད་དགོས། ཉིན་འདི་དག་ནང་། ལུང་ཧོས་རྫོང་གིས་ཁོངས་གཏོགས་ཁུལ་གྱི་ཞང་དང་གྲོང་རྡལ(སྲང་ལམ)25ལ་ཁྱིམ་ཚང་རེ་རེ་བཞིན་གྲལ་བཤེར་བྱས་ནས། ལོ65ཡན་གྱི་ནུས་པ་ཤོར་བ་དང་ནུས་པ་ཕྱེད་ཙམ་ཤོར་བའི་ལོ་ལོན་དང་། དེ་བཞིན་ལོ80ཡན་གྱི་མ་མཐའི་འཚོ་བའི་འགན་ལེན་གྱི་དཀའ་ངལ་ཡོད་པའི་ལོ་ལོན་ལ་མིང་ཐོ་བཟོས་ཏེ། སྔོན་ཆད800ཡང་མེད་པའི་གཞི་རིམ་བཅོས་སྐྱོང་དྲ་མིག་དེ་2860ཡོད་པའི་རྒན་གསོའི་དྲ་མིག་ཏུ་ཞིབ་བསྒྱུར་བྱས་པ་དང་། དྲ་མིག་རེར་འབྲེལ་གཏུག་པ10བཀོད་སྒྲིག་བྱས་ལ། དང་བླངས་པའི་ཞབས་ཞུ་སོགས་ཀྱི་བྱ་ཐབས་བརྒྱུད་འབྲེལ་གཏུག་པའི་དཔུང་སྡེ་ཡང་རྒྱ་ཆེར་བཏང་། འབྲེལ་གཏུག་པ་དུས་བཅད་ལྟར་ཁྱིམ་ལ་སོང་ནས་ལོ་ལོན་ལ་སྲིད་ཇུས་བཤད་པ་དང་། ཁོང་ཚོར་ངོ་བཤེར་བ་ལྟ་བུའི་བྱ་བ་ཕྲན་ཆུང་དག་ཐག་གཅོད་བྱེད་རོགས་བྱས་ནས་ཞབས་ཞུ་སྔར་བས་ཞིབ་ཚགས་ཡོང་བ་བྱས།
ཧུའུ་ནན་ཞིང་ཆེན་ཧྲའོ་དབྱང་གྲོང་ཁྱེར་ལུང་ཧུའེ་རྫོང་ཧྭ་མོན་སྲང་ལམ་ཧེང་ཅང་སྡེ་ཁུལ་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ཁྲེན་ཚན་གྱིས་བཤད་རྒྱུར། ཏང་ཀྲི་པུའུ་དེ་རྒན་གསོའི་ཞབས་ཞུའི་འཐབ་ཕྱོགས་དང་པོར་བཙུགས་ནས། ང་ལ་བསྒྲུབ་དགོས་པ་དེ་ངས་སྒྲུབ་དགོས་པར་སྒྱུར་ཏེ་ལོ་ལོན་ཚོར་མི་འཚོལ་ཐུབ་པ་དང་། བྱ་བ་བསྒྲུབ་ཐུབ་པར་བྱས་ཡོད་ཟེར།
དེ་དང་ཆབས་ཅིག་ཧྲའོ་དབྱང་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་རྒན་གསོའི་ཁྱབ་ཁོངས་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་ཆེད་དོན་ལེགས་བཅོས་བྱས་པ་དང་། མིག་སྔར། ཁ་གསབ་མ་དངུལ་དང་སྙོར་སྐྱོང་མ་དངུལ་རྫུན་ཞུ་གཡོ་ལེན་སོགས་གཙོ་གནད་གནད་དོན་ཁག་གཅིག་གྲལ་བཤེར་ཐུབ་པ་མ་ཟད། རྩིས་ཁྲ་བཟོས་ནས་དུས་བཅད་ནང་བསྒྲུབ་པར་ལྟ་སྐུལ་བྱེད་བཞིན་ཡོད།
ཧུའུ་ནན་ཞིང་ཆེན་ཧྲའོ་དབྱང་གྲོང་ཁྱེར་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ། ལིའུ་ཀྲི་ཁྲེང་གིས་བཤད་རྒྱུར། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མ་དངུལ་ལ་ཞིབ་མཆན་འགོད་པ་དང་སྟེར་བ། རྒན་སྐྱོར་ཞབས་ཞུ། ལས་ཁུངས་གཉེར་སྐྱོང་སོགས་ཀྱི་ལས་རིམ་ལ་རྩེ་གཅིག་ཏུ་དམིགས་ནས།ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་དུས་མཚུངས་སུ། དངོས་གཉེར་གོ་ཆོད་ཀྱི་ཡུན་ཕན་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བྱས་ཤིང་།བཅོས་སྐྱོང་གྲུབ་འབྲས་དེ་མང་ཚོགས་ལ་ཚོར་ཐུབ་པ་དང་རེག་ཐུབ་པར་ཁག་ཐེག་བྱས་ཡོད་ཟེར།