ཟླ11པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ཏེ། ཀྲུའུ་ཞིའི་དམངས་གཙོའི་ལྟ་སྐུལ་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། “མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་དང་ལག་བསྟར་གནས་ཚུལ”ལ་དམིགས་ནས་གྲོས་མོལ་ཇུས་འདོན་བྱས།
ཚོགས་འདུའི་ཐོག ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཁྲིན་ཅི་ཝེ་ཡིས་འཆར་འགོད་ཀྱི་སྒྲིག་བཟོ་ལག་བསྟར་གནས་ཚུལ་ངོ་སྤྲོད་དང་ཐོན་ལས་འཕེལ་རྒྱས་ཀྱི་དུས་བབ་ལ་དབྱེ་ཞིབ་བྱས་ཤིང་། གོ་རིམ་རྗེས་མའི་བྱ་བའི་བསམ་ཕྱོགས་དང་བྱེད་ཐབས་བཏོན། ཚོགས་འདུར་ཞུགས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་འགན་འཁུར་བློ་མཐུན། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་བཅས་ཀྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན།《མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”》བཏོན་པ་དེ་ནི་མཐོ་སྒང་གི་ཁམས་གསོ་དེ་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ནས་དངོས་གཞིའི་ཐོན་ལས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་རེད། མཐོ་སྒང་ཁམས་གསོའི་ཐོན་ལས་ཀྱི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཐོན་ལས་མིང་བྱང་ཅན་དང་འཕེལ་རྒྱས་དོན་མེད་ཅན། མཁོ་སྤྲོད་དམའ་རིམ་ཅན་སོགས་ཀྱི་གནད་དོན་ལ་མཐའ་གཅིག་ཏུ་གཡོལ་ཐབས་བྱེད་དགོས། འཆར་འགོད་དོན་འཁྱོལ་མཐུན་སྦྱོར་ལམ་སྲོལ་དང་ཁྲོམ་རའི་བྱེད་པོ་སྐྱེད་སྲིང་། ཚོང་ལས་བྱེད་ཐབས་གསར་གཏོད། ལས་རིགས་ཀྱི་ཚད་གཞི་འཛུགས་སྐྲུན། ཚན་ཞིབ་གྲུབ་འབྲས་ཚུལ་སྒྱུར། བདག་རྐྱེན་འགན་སྲུང་མཁོ་སྤྲོད། འཇོན་མིའི་དཔུང་ཁག་འཛུགས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་གནད་འཁེལ་ཤུགས་འདོན་བྱེད་དགོས། ཁྲོམ་རའི་ཐོན་ཁུངས་རྒྱ་ཁྱབ་ཏུ་གཅིག་སྡུད་བྱས་ཏེ་ཐོན་ལས་འཕེལ་རྒྱས་ལ་ཞུགས་དགོས་ཤིང་། མཐོ་སྒང་ཁམས་གསོ་དང་རིག་གནས་ཡུལ་སྐོར། སློབ་གསོ། ཚན་རྩལ། ཁྱད་ལྡན་བཟའ་བཏུང་རིག་གནས་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མཐོ་སྒང་ཁམས་གསོའི་ཐོན་ལས་ཀྱི་སྤུས་འདེགས་ཕན་སྐྱེད་དང་བརྟན་བགྲོད་རྒྱང་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
ཚོགས་འདུ་མ་ཚོགས་གོང་ལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུའུ་ཞིའི་དམངས་གཙོའི་ལྟ་སྐུལ་ལྟ་ཞིབ་ཚན་ཆུང་བཙུགས་ཏེ། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོ་མཐོ་སྒང་ཚ་གཡོལ་ཁམས་གསོ་གླིང་གི་ཕྱོགས་བསྡུས་ལས་གཞིའི་གཉེར་སྐྱོང་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས།