མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། “འཛམ་གླིང་བརྙན་འཕྲིན་ཉིན་མོ”ཞེས་པའི་ལྟ་ཉན་ཐོན་ལས་ཆེན་པོའི་མུ་འབྲེལ་བྱེད་སྒོ་དང་2026ལོའི་ཀྲུང་གོའི་གློག་བརྙན་བརྙན་འཕྲིན་ལག་རྩལ་སློབ་ཚོགས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་ཧུའུ་པེ་ཞིང་ཆེན་དུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུས་མི་རིགས་སྐད་ཡིག་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་ཀྱིས་གོང་འབུལ་བྱས་པའི་ཨ་མདོའི་སྐད་ཀྱི་སྒྱུར་སྐྲུན་གློག་བརྙན《དང་བླངས་དམག་གི་ཤི་གསོན་འཐབ་རྩོད》དང《ཆུང་ཆུང་གི་ང》ཞེས་པ་གཉིས་ཀྱིས་སྒྲིག་བཟོའི་ཆུ་ཚད་དང་གསར་གཏོད་གྱི་སྐད་སྒྱུར་སྐྲུན་ལག་རྩལ་ལ་བརྟེན་ནས་ཀྲུང་གོའི་གློག་བརྙན་བརྙན་འཕྲིན་ལག་རྩལ་སློབ་ཚོགས་ཀྱི་སྐད་སྒྲ་གསར་གཏོད་ལག་རྩལ་གྱི་ཨང་གཉིས་པའི་བྱ་དགའ་བླངས་ཡོད་པ་རེད།

ཀྲུང་གོའི་གློག་བརྙན་བརྙན་འཕྲིན་ལག་རྩལ་སློབ་ཚོགས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ནི་རྒྱལ་ཁབ་ཚན་རྩལ་བྱ་དགའ་གཞུང་དོན་ཁང་གི་ཐོ་འགོད་སྙན་གསེང་ཞུས་པའི་རྒྱལ་ཡོངས་རང་བཞིན་གྱི་དབང་གྲགས་ལྡན་པའི་ལས་རིགས་གི་བྱ་དགའ་ཞིག་ཡིན་པ་དང་། དེ་ལས་སྒྲའི་གསར་གཏོད་ཀྱི་ལག་རྩལ་བྱ་དགའ་ནི་དོ་གནད་གྱི་སྒྲའི་བཟོ་རྩལ་གསར་རྩོམ་དང་། སྒྱུར་བཟོའི་གླེང་མོ་འཚམ་སྦྱོར། སྒྲ་ཉམས་ལས་བསྲེས་སྒྲ་གསར་གཏོད་ལ་སོགས་ཀྱི་ལྟེ་བར་བཟུང་བའི་གསར་གཏོད་ཁྱབ་ཁོངས་ལ་དམིགས་ཏེ། དཔྱད་བསྡུར་ཚད་གཞི་གཟབ་ནན་དང་ཆེད་ལས་ཁས་ལེན་བྱེད་ཚད་མཐོ་བའི་བྱ་དགའ་ཞིག་ཡིན་པས། སྒྲ་ཟློས་གློག་བརྙན་གྱི་སྒྲིག་བཟོ་ཆུ་ཚད་དང་ལག་རྩལ་གཏོད་ནུས་པའི་ཕྱོགས་ཀྱི་དབང་གྲགས་ལྡན་པའི་དཔྱད་འབེབས་ཤིག་རེད།

ད་ཐེངས་ཀྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་གཉིས་ནི་མི་རིགས་སྐད་ཡིག་གློག་བརྙན་སྒྱུར་སྐྲུན་ལས་རིགས་གཙོ་བོར་དམ་དུ་སྦྲེལ་བའི་ཁྱད་ཆོས་ལྡན་ཞིང་། གློག་བརྙན་གྱི་ཐོག་མའི་པར་གཞི་ཡི་སེམས་འགྱུ་མངོན་སྟངས་དང་སྒྱུ་རྩལ་ཀྱི་ངོ་བོ་སོར་འཇོག་ལ་གཟབ་ནན་བྱས་པའི་རྨང་གཞིའི་སྟེང་། ཨ་མདོ་ས་ཁུལ་གྱི་ཡུལ་སྐད་གོམས་གཤིས་དང་གཞི་རིམ་ཞིང་འབྲོག་ཁུལ་མང་ཚོགས་ཀྱི་ཐོས་ཚོར་མཛེས་དཔྱོད་ལ་འཚམ་གང་ཐུབ་བྱས་ཡོད་པ་རེད། སྒྱུར་སྐྲུན་དཔུང་སྡེས་མི་སྣའི་གཏམ་གླེང་དང་། སྐད་གདངས། ཁོར་ཡུག་སྒྲ་ཉམས། རོལ་དབྱངས་མཉམ་བསྲེས་བཅས་ཀྱི་ཐད་ལ་ཞུན་བརྡར་དང་སྦྱོང་བ་ཞིབ་ཚགས་བྱས་པ་དང་། ཨ་མདོའི་ཡུལ་སྐད་ཀྱི་སྒྱུར་སྒྲིག་གི་གོ་རིམ་ཁྲོད་ཀྱི་ཁ་དབྱིབས་སྦྱོར་ཚད་ལེགས་སུ་བཏང་བས། གློག་བརྙན་གྱི་སྒྱུ་རྩལ་ཉམས་འགྱུར་སོར་འཇོག་ཐུབ་ཡོད་པ་མ་ཟད། ཕ་སྐད་ཀྱི་ལམ་ནས་གོ་བརྡ་ལེན་པ་མངོན་འགྱུར་བྱས་ཡོད་པས། གསར་བརྗེའི་བརྗོད་དོན་གཙོ་བོར་བཟུང་བའི་གཏམ་རྒྱུད་དང་བརྩེ་བའི་ཕྱུག་པའི་ཡར་བརྩོན་གྱི་བརྗོད་བྱ་དེ་དྲོ་བ་མ་ཡལ་ཞིང་བརྩེ་བ་མ་ཉམས་པའི་སྒོ་ནས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཞུགས་སུ་བཅུག་ཡོད་པ་རེད།
བརྩམས་ཆོས་དེ་གཉིས་ལ་སྐབས་གཅིག་རིང་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དེ་ཐོག་ནས་སྒྱུར་སྐྲུན་ལྟེ་གནས་ཀྱིས་མི་རིགས་སྐད་ཡིག་གི་གློག་བརྙན་གྱི་སྐད་སྒྲ་གསར་བཟོ་དང་། སྐད་རིགས་མང་བའི་སྒྲ་ལམ་སྒྲིག་སྦྱོར། སྒྱུར་སྐྲུན་ལག་རྩལ་ཀྱི་གསར་གཏོད་མངའ་ཁོངས་ཀྱི་རྨང་གཞི་བརྟན་པོ་དང་ཉམས་སད་ཐེག་ཐུབ་པའི་དངོས་ཤུགས་གང་ལེགས་མངོན་པས། སྒྱུར་སྐྲུན་ལག་རྩལ་དཔུང་སྡེ་ཡི་ཡག་ཐོག་ཡག་བརྩེགས་དང་། ཟབ་རྨོ་ཞིབ་ལས། ཤེས་རབ་ཀྱི་རྩལ་སྤྲུགས་ནས་གསར་རྩོམ་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ནོ། །