མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11ཚེས17ཉིན་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་གནས་ཀྱི་ཚད་གཞི《མཐོ་སྒང་ཡུལ་སྐོར་བདེ་ཐང་འགོག་སྲུང་ཕྱོགས་སྟོན》ཁྱབ་སྒྲོག་བྱས་ཤིང་། དེ་ལ་སྤྱིའི་རྩ་དོན4དང་། གཙོ་གནད་ཁག་7རང་འགུལ་འགོག་སྲུང་བྱ་ཐབས་ཁག7། འཕྲལ་སྡོམ་རོགས་སྐྱོབ་འགན་སྲུང་བྱེད་ཐབས་ཁག4བཅས་ཁ་གསལ་བཟོས་ནས་ཟླ་12ཚེས་21ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། དེ་ནི་རྒྱལ་ཡོངས་ཀྱི་ས་མཐོའི་ཡུལ་སྐོར་བདེ་ཐང་འགོག་སྲུང་གི་ཆེད་དམིགས་ཚད་གཞི་ཐོག་མ་དེ་ཡིན་པ་དང་། ས་མཐོའི་ཡུལ་སྐོར་བ་དང་། ཡུལ་སྐོར་ཞབས་ཞུའི་ལས་ཀ་བ། རི་འཛེག་མྱུལ་མཁན། རྐང་ཐང་ཡུལ་སྐོར་བ། ས་མཐོའི་འཛུགས་སྐྲུན་པ་བཅས་ལ་ཕྱོགས་ནས་ཡུལ་སྐོར་བས་རང་འགུལ་སྔོན་འགོག་དང་། ལག་རྩལ་གྱི་ཚད་གཞིའི་འདེགས་སྐྱོར། ཞབས་ཞུའི་མཐའ་སྣེའི་སྔ་སོར་འགན་ལེན་བཅས་བྱེད་པའི་འགོག་སྲུང་མ་ལག་ཅིག་བསྐྲུན་ཡོད་པ་རེད།
《ཕྱོགས་སྟོན》དེ་མང་ཚོགས་ཀྱི་དོ་ཁུར་གླེང་མང་བའི་གནད་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།“གཏན་འགོག་གཉིས་དང་། དལ་གསུམ། བྱེད་མི་རུང་པ་བཞི”དང་། “མཐོ་སྒང་དུ་འབྱོར་མ་ཐག་སེང་བདེ་ཐང་རང་དཔྱད”དང“ས་མཐོ་བྱུང་མ་ཐག་ལམ་སང་དབྱེ་འབྱེད་དང་བཟློག་ཐབས”སོགས་མང་ཚོགས་དང་འབྲེལ་འདྲིས་དང་། བཀོལ་སྤྱོད་ཆོག་པ། དོན་འཁྱོལ་ཐུབ་པ་བཅས་ཀྱི་བྱ་ཐབས་ཤིག་རེད། ས་མཐོའི་ཡུལ་སྐོར་བདེ་ཐང་ཞབས་ཞུ་དེ་གཞན་དབང་སྐྱོབ་བཅོས་ནས་རང་འགུལ་སྔོན་འགོག་ཏུ་འགྱུར་བར་སྐུལ་འདེད་གཏོང་བར་གཞི་ཚུགས་ཏེ། ཕྱོགས་གཅིག་ནས་ཡུལ་སྐོར་བ་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་ས་མཐོའི་ཁོར་ཡུག་ལ་འཕྲོད་པོ་ཡོང་བར་ཁྲིད་སྟོན་བྱས་ནས་སྔ་མོ་ནས་བདེ་ཐང་ལ་གནོད་པའི་ཉེན་ཁར་འགོག་ཟོན་དང་། ཡ་རབས་ཚུལ་མཐུན་གྱི་སྒོ་ནས་ཕྱི་རོལ་ཏུ་བྱེད་སྒོ་སྤེལ་ཏེ། མི་དང་རང་བྱུང། རི་སྐྱེས་སྲོག་ཆགས་བཅས་ཞི་མཐུན་མཉམ་གནས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཞན་ཞིག་ནས་བཟའ་བཏུང་དང་། ཞག་སྡོད། ཕྱིར་སྐྱོད། ངལ་གསོ་སོགས་ལ་དམིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་སྙོམས་སྒྲིག་འཚམ་པོ་ཐུབ་པའི་ཕྱོགས་ལ་གྲོས་འཆར་བཏོན་ནས་ཡུལ་སྐོར་བའི་ཕྱིར་སྐྱོད་ཀྱི་སེམས་ཁྲལ་བསལ་དགོས། དེ་དང་ཆབས་ཅིག་དགོས་ངོས་ཀྱི་བླང་བྱ་བཟོས་ཏེ་གསར་སྤེལ་བྱས་མེད་པ་དང་། སྒོ་དབྱེ་མེད་པ། བདེ་འཇགས་འགན་ལེན་ལ་ཆད་ཤོར་ཡོད་པའི་ས་ཁོངས་སུ་བསྐྱོད་པར་གཏན་འགོག་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
《ཕྱོགས་སྟོན》ནང་ཚན་རིག་དང་མཐུན་པ་དང་། དབང་གྲགས་ལྡན་པ། གོ་རིམ་ལྡན་པ་བཅས་ཀྱི་བདེ་ཐང་འགོག་སྲུང་ཤེས་བྱ་གཅིག་ཏུ་བསྡུས་ཡོད་པས་དེ་ནི་ས་མཐོའི་ཡུལ་སྐོར་བའི་བདེ་ཐང་སྲུང་བའི་འགོག་སྲུང་འཛིང་རགས་དང་པོ་དེ་ཡིན་ལ། ཡུལ་སྐོར་བ་རང་ངོས་ཀྱི་ནུས་ཤུགས་ངར་འདོན་དང་། རང་ངོས་འགོག་སྲུང་གི་འདུ་ཤེས་ཆེར་བསྐྱེད། རང་འགུལ་ངང་འགོག་སྲུང་བླང་བྱ་ཁག་དོན་འཁྱོལ་བྱེད་པ་བཅས་ལ་ཁྲིད་སྟོན་ཀྱི་དོན་སྙིང་ལྡན། 《ཕྱོགས་སྟོན》དང་སྨན་བཅོས་ཚད་གཞི་གཞན་དག་བར་གསབ་རེས་བྱས་ཏེ། ས་མཐོའི་ཡུལ་སྐོར་བདེ་ཐང་འགན་ལེན་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་ཡུལ་སྐོར་བ་དང་། ཡུལ་སྐོར་ལས་གཉེར་མི་སྣ། སྨན་བཅོས་འཕྲོད་བསྟེན། མཛེས་ལྗོངས་ཁུལ། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་མི་སྣ(སྡེ་ཚན)ཞུགས་སྟངས་སྣ་མང་བ་དང་། ཟློས་གཅིག་མཉམ་འགུལ། མཉམ་སྐྲུན་མཉམ་བཅོས་བཅས་ཀྱི་ས་མཐོའི་ཡུལ་སྐོར་བདེ་ཐང་ཞབས་ཞུའི་འགྲིལ་ཤུགས་ཆགས་པར་སྐུལ་འདེད་བཏང་ཡོད་པ་རེད། 《ཕྱོགས་སྟོན》གྱིས་ད་དུང་མཐོ་སྒང་གི་ཞིང་ཆེན(རང་སྐྱོང་ལྗོངས)གཞན་དག་ལ་དཔྱད་གཞི་མཁོ་འདོན་བྱས་ནས་མཐོ་སྒང་གི་ཡུལ་སྐོར་ཚད་ལྡན་འཛུགས་སྐྲུན་གྱི་ཁྲོད་མཚོ་སྔོན་གྱི་བློ་གྲོས་ལེགས་སྐྱེས་སུ་འབུལ་ཆོག་པ་པ་གསལ་འབེབས་བྱས་ཡོད་དོ། །