​ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུའུ་ཞིའི་དམངས་གཙོའི་ལྟ་སྐུལ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཟླ11པའི་ཚེས19ཉིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གཙོ་འཛིན་བྱས་ནས་ཀྲུའུ་ཞིའི་དམངས་གཙོའི་ལྟ་སྐུལ་བཞུགས་མོལ་ཚོགས་འདུ་བསྡུས། ཚད་ལྡན་ཅན་དང་གཞི་ཁྱོན་ཅན། ཟོང་རྟགས་ཅན་བཅས་ཀྱི་འཛུགས་སྐྱོང་ལ་ཤུགས་བསྣན་ནས་མཚོ་སྔོན་འཐེན་ཐུག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གྲོས་མོལ་ཐབས་འདོན་བྱས།

ཚོགས་འདུའི་ཐོག ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་ཝང་ཧའེ་ཧུང་གིས་མཚོ་སྔོན་ཞིང་ཆེན་གྱི་འཐེན་ཐུག་ཐོན་ལས་ཀྱི་ཚད་ལྡན་ཅན་དང་གཞི་ཁྱོན་ཅན། ཟོང་རྟགས་ཅན་བཅས་ཀྱི་འཛུགས་སྐྱོང་བྱ་བ་སྤེལ་ཚུལ་བརྡ་ཁྱབ་བཏང་སྟེ། ཞན་ཆར་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་རིམ་པ་རྗེས་མའི་བྱ་བའི་ཁ་ཕྱོགས་ཁ་གསལ་བཟོས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་གྱིས་བརྗོད་དོན་སྙན་ཞུ་ཕུལ། བློ་མཐུན6གིས་བརྗེ་རེས་གཏམ་བཤད་བྱས།

མགོན་པོ་བཀྲ་ཤིས་ཀྱིས། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན།ཤར་ནུབ་རྒྱུད་མཉམ་ལས་དང་ཁ་གཏད་མཚོ་སྔོན་རོགས་སྐྱོར་སོགས་ཀྱི་བརྗེ་རེས་དང་མཉམ་ལས་རྐྱེན་སྲོལ་བེད་སྤྱོད་ཡག་པོར་བྱེད་དགོས་པ་དང་། མཚོ་སྔོན་འཐེན་ཐུག་དེ་སྒེར་ཐོར་གཉེར་སྐྱོང་དང་གང་སར་ཁྱབ་པའི་རྣམ་པ་ནས་ཚད་ལྡན་གཉེར་སྐྱོང་དང་ཟོང་རྟགས་ཕྱིར་གྲགས་སུ་བསྒྱུརར་སྐུལ་འདེད་གཏོང་དགོས། གནད་དོན་ཁྲིད་ཕྱོགས་མཐའ་འཁྱོངས་དང་། ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆར་གཞི་ཚུགས་ནས། གཅིག་གྱུར་འཆར་འགོད་མཉམ་འགུལ་ཐད་ཤུགས་སྣོན་པ་དང་། འཐེན་ཐུག་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེར་བསྐྱེད། བརྟན་ཐོག་རྒྱང་སྐྱོད་བཅས་ཀྱི་ཐད་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ཞིང་ཆེན་ཕྱི་རོལ་དུ་ལས་གཏོད་བྱེད་པའི་ཞབས་ཞུའི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་། མཚོ་སྔོན་འཐེན་ཐུག་ཐོན་ལས་ལ་བརྟེན་ནས་མི་རིགས་སོ་སོའི་བར་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། སྲིད་གྲོས་ཀྱི་གྲོས་མོལ་ལྟ་སྐུལ་གྱི་ཕན་ནུས་འདོན་སྤེལ་བྱེད་པ་དང་། སྤུས་ཚད་མཐོ་བའི་ཐབས་འདོན་དང་གྲོས་མོལ་རྣམ་པའི་ལྟ་སྐུལ་ལ་བརྟེན་ནས་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ཞབས་འདེགས་ཞུ་བ། མཚོ་སྔོན་འཐེན་ཐུག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལས་རིགས་སོ་སོའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་དགོས་ཞེས་བསྟན།

ཚོགས་འདུ་མ་འཚོག་གོང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་དམངས་གཙོའི་ལྟ་སྐུལ་ལྟ་ཞིབ་ཚོགས་ཆུང་དཔའ་ལུང་རྫོང་དུ་སོང་ནས་མཚོ་སྔོན་འཐེན་ཐུག་ཐོན་ལས་ཀྱི་ཚད་ལྡན་ཅན་དང་གཞི་ཁྱོན་ཅན། ཟོང་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།