ལུའོ་ཏུང་ཁྲོན་གྱིས་ཧྥུའུ་ཅན་ཞིང་ནགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལེའོ་ཧུང་འཁོར་དང་བཅས་པར་ཐུག་འཕྲད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས19ཉིན།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི།   ཧྥུའུ་ཅན་ཞིང་ནགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ།  རྩ་ལག་སྐྱེ་དངོས་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ལེའོ་ཧུང་འཁོར་དང་བཅས་པར་ཐུག་འཕྲད་བྱས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་དགེ་རྒན་ཆེན་མོ་ལེའོ་ཧུང་དང་ཁོ་མོས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་དགའ་བསུ་ཞུས་པ་དང་།  ཁོ་མོ་ཚོས་མཚོ་སྔོན་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས།  ཁོས་བཤད་རྒྱུར།  དེང་སྐབས་མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱེད་བཞིན་ཡོད་ལ།  ཚན་རྩལ་ཞིང་ལས་དང་ལྗང་མདོག་ཞིང་ལས། སྤུས་ལེགས་ཞིང་ལས།  སྤུས་རྟགས་ཞིང་ལས་བཅས་གཅིག་འདོམས་འཕེལ་རྒྱས་བཏང་སྟེ།   སྟོབས་ཤུགས་གཅིག་བསྡུས་ཀྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་སྐྲུན་བཞིན་ཡོད།  ཕྱོགས་གཉིས་ཀྱིས་ད་ཡོད་ཀྱི་མཉམ་ལས་བཟང་པོའི་རྨང་གཞིའི་སྟེང་།   མཐོ་སྒང་གི་གྲང་འཁྱག་སྔོ་ཚལ་དང་དཔྱིད་ཀྱི་ལོག་དཀར་སོགས་ཁྱད་ལྡན་ཐོན་ལས་ལ་དམིགས་ནས་མཉམ་ལས་རིམ་པ་རྒྱུན་མཐུད་ངང་ཇེ་ཟབ་ཏུ་གཏོང་བ་དང་།  ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་བྱེད་ཤུགས་དང་གྲུབ་འབྲས་ཚུལ་སྒྱུར་བེད་སྤྱོད་ལ་ཤུགས་སྣོན་པ།  འཇོན་མི་མཉམ་དུ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ།  ཞིང་ལས་ལག་རྩལ་གྱི་ཚན་རིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ།  མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ།  མཐོ་སྒང་ས་ཁུལ་ལ་འཚམ་པའི་དེང་རབས་ཅན་གྱི་ཞིང་ལས་ཐོན་སྐྱེད་བྱེད་སྟབས་འཚོལ་ཞིབ་བྱེད་པ་བཅས་བྱས་ཏེ། མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་པར་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་རྒྱུའི་རེ་བ་བཅངས་ཡོད། 

ལེའོ་ཧུང་གིས་མཚོ་སྔོན་དུ་བླངས་པའི་ཞིབ་འཇུག་ལག་ལེན་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་།   མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་མངོན་གསལ་ཡིན་ཞིང་།  ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཀྱི་བག་ཤུགས་ཆེ་བས།  ས་ཁོངས་བརྒལ་བ་དང་སྟེགས་བུ་བརྒལ་བའི་ཚན་རྩལ་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་།   སྔར་ལས་མང་པོའི་ཚན་རིག་ཞིབ་འཇུག་ལས་གཞི་དང་ལག་རྩལ་སྟོབས་ཤུགས་མཚོ་སྔོན་དུ་དོན་འཁྱོལ་བྱ་རྒྱུ་བརྩོན་ལེན་བྱེད་པ། མཐོ་སྒང་གི་གྲང་ངར་ཆེ་བའི་གནམ་གཤིས་དང་འཚམ་པའི་ས་རྒྱུ་ལེགས་བཅོས་དང་ལུད་རྒྱག་པ། གྲངས་འབོར་ཉུང་འཕྲི་དང་ཕན་འབྲས་ཆེ་རུ་གཏོང་བ། ལྗང་མདོག་ཐོན་མཐོ་བཅས་ཀྱི་ལག་རྩལ་མ་ལག་མགྱོགས་མྱུར་ངང་འཛུགས་པ། འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་བཏང་ཆོག་པའི་ཐོན་ལས་ཚན་རྩལ་རོགས་ལས་བྱེད་སྟངས་གསར་པ་ཆགས་པར་བྱེད་པ་བཅས་བྱས་ནས། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་འཛུགས་སྐྲུན་ལ་རོགས་འདེགས་བྱེད་ངེས་ཡིན་པ་བསྟན།

ཀྲང་ཅིན་ཀང་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།