མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས། ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རང་གཟུགས། ཟླ11པའི་ཚེས19ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། གསར་དུ་བཟོ་བཅོས་བྱས་པའི《ཀྲུང་གོའི་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག》ལ་སློབ་སྦྱོང་དང་། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཁ་བྱང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། གསར་དུ་བཟོ་བཅོས་བྱས་པའི《ཀྲུང་གོའི་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག》ལ་སློབ་སྦྱོང་དང་། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ཀྲུང་ཧྲན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་གཉེར་ཁེ་ལས་ཀྱི་ཏང་འཛུགས་ལས་དོན། མི་དམངས་ཁྲིམས་ཁང་གི་ལས་དོན་བཅས་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་ལ། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱ་དགོས་པ་དང་། ཚན་རྩལ་གསར་སྐྲུན་དང་ཚྭ་མཚེའུ། ནུས་ཁུངས་གཙང་མ། ལྗང་མདོག་གློག་རྩིས་སོགས་ཁྱད་ལྡན་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱ་དགོས་ཤིང་། དཔལ་འབྱོར་རྒྱུན་མཐུད་ངང་གསར་པ་དང་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་མ་ཟད། ལོ་མཇུག་དང་ལོ་འགོའི་ལས་དོན་ཁག་ཏན་ཏིག་ངང་ཡག་པོར་བསྒྲུབ་དགོས་པ་དང་། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་དགོས། བསམ་སྦྱོར་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ཐོག་གཅིག་གྱུར་བྱེད་པ་དང་། རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། ཏང་གི་རྒྱལ་དབང་ཁེ་ལས་ཀྱི་ཕྱོགས་ཡོངས་འགོ་ཁྲིད་གཏིང་ཟབ་ཏུ་གཏོང་བ་དང་། མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་ལ། རྒྱལ་དབང་ཁེ་ལས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ནས། རྒྱལ་དབང་ཁེ་ལས་ཇེ་ལེགས་དང་སྟོབས་ཆེར་གཏོང་རྒྱུར་འབད་བརྩོན་བྱས་ཏེ། དཔལ་འབྱོར་གྱི་རྐང་འཛིན་དང་འདེགས་སྐྱོར་ནུས་པ་སྔར་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཁྲིམས་ཁང་བྱ་བའི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས་ཤིང་། འགལ་བ་དང་རྩོད་གཞི་རྒྱུན་མཐུད་ངང་སེལ་བ་དང་། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱ་དགོས་ལ། རིམ་པ་ཁག་གི་ཁྲིམས་ཁང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་ཇེ་ནན་དུ་བཏང་ནས། བློ་དཀར་དང་སྤྱོད་གཙང་། འཁུར་ཁྱེར་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས་ལ། སྤུས་ཚད་མཐོ་བའི་ཁྲིམས་འཛིན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྔར་བས་ལེགས་པའི་སྒོ་ནས་འགན་སྲུང་བྱེད་དགོས།

གཞན་གཟུགས། ཚོགས་འདུའི་ཐོག《ཀྲུང་གོའི་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་ཏན། “གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་ཐུན་མོང་གི་ཇུས་གཅོད་ལམ་སྲོལ་ལག་བསྟར། འབྲེལ་ཡོད་སྒྲིག་བཀོད་ཀྱི་རྐྱེན་སྲོལ་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། 《སྲོལ་ཡིག》གི་བླང་བྱ་དེ་ཏང་ཨུའི་འགན་སྒྲུབ་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་ཁྱབ་པ་བྱེད་དགོས་ལ། ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཨུའི(ཏང་ཙུའུ)འགན་འཁྲི་གཙོ་བོ་དང་འགན་འཁྲི་འཁུར་མཁན་དང་པོའི་འགན་འཁྲི། འགོ་ཁྲིད་ཚན་ཁག་གི་ཁོངས་མིའི“ལས་གནས་གཅིག་དང་འགན་འཁྲི་གཉིས”ཇེ་ནན་དུ་གཏོང་བ་དང་། ཏང་ནང་གི་ཁྲིམས་སྲོལ་གྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། རིམ་པ་ཁག་གི་ཏང་ཨུ(ཏང་ཙུའུ་)ཚད་ལྡན་དང་ལས་ཆོད་ཆེ་བའི་སྒོ་ནས་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ཚོགས་འདུའི་ཐོག་མང་ཚོགས་ཀྱི་ཐག་ཉེ་ན་གནས་པའི་ཚུལ་མིན་གྱི་སྤྱོད་པ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་བྱ་རྒྱུ་ནི་མི་དམངས་བླ་ན་མེད་པར་བརྩི་བའི་འདུ་ཤེས་ལག་ལེན་དུ་བསྟར་བ་དང་། ཏང་གི་སྲིད་འཛིན་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན། ཐོག་མཐའ་བར་གསུམ་དུ་འགན་འཁྲིའི་འབྲེལ་ཐག་དམ་པོར་སྒྲིམ་དགོས་ལ། ཞིང་སྡེའི་མཉམ་སྡེབ“མ་དངུལ་གསུམ”དང་སྨན་འགན་ཐེབས་རྩ། ཚད་གཞི་མཐོ་བའི་ཞིང་ས། དམངས་འཚོའི་ཡིག་བསྐུར་ངོ་བཅར་སོགས་གཙོ་གནད་ཁྱབ་ཁོངས་སུ་གནས་པའི་གནད་དོན་གྱི་ཁུངས་སྣེར་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་འགོ་རྩོམ་པ་དང་། དགེ་མཚན་ལྡན་པའི་སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་སྒྲོལ་བྱས་ཏེ། རུལ་སུངས་བཅོས་སྒྲིག་དེ་འགག་སྒྲོལ་དམག་འཐབ་ནས་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ལ། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གཟེར་གནད་དང་དཀའ་གནད་ཐག་གཅོད་གང་ཐུབ་བྱས་ནས། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་བསྟན།

ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་གནས་ཚུལ་དང་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་སྤུས་ལེགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཆེད་དོན་བྱེད་སྒོ། དེ་མིན་གན་འཇོག་ལས་གཞི་རྗེས་འདེད་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཚོགས་འདུ་ཐོག་ནན་གྱིས་བསྟན་དོན། ཁྲིམས་སྐྱོང་འཛུགས་སྐྲུན་ལ་བརྟེན་ནས་སྲིད་གཞུང་དང་ཁྲོམ་རའི་མཐའ་མཚམས་གསལ་པོ་བཟོ་དགོས་པ་དང་། ཁྲིམས་སྲོལ་དང་ལམ་ལུགས་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཁྲིམས་བསྟར་ཚད་ལྡན་དུ་གཏོང་བ། སྲིད་གཞུང་གི་ཡིད་རྟོན་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་རྒྱུར་ཤུགས་རྒྱག་དགོས། ས་གནས་ཁག་དང་སྡེ་ཁག་སོ་སོའི་འགན་འཁྲི་ཇེ་ནན་དུ་བཏང་ནས། ལས་གཞིའི་རྗེས་འདེད་དོན་འཁྱོལ་དང་མཐུན་སྦྱོར་ཞབས་ཞུ། རྒྱུ་རྐྱེན་འགན་སྲུང་། ལྟ་སྐུལ་དོ་དམ་བཅས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་དགོས་ཤིང་། ཕྱར་བ་གྲུ་འདེགས་ངང་ལས་གཞི་སྔ་མོ་ནས་དོན་འཁྱོལ་དང་སྔ་མོ་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུས《མཚོ་སྔོན་ཞིང་ཆེན་རོགས་སྐྱོར་མཉམ་ལས་བརྗེ་རེས་ལས་དོན་འགོ་ཁྲིད་ཚན་ཆུང་གི་བྱ་བའི་སྒྲིག་སྲོལ》ལ་གྲོས་ཞིབ་བྱས། ཚོགས་འདུའི་ཐོག་འགོ་ཁྲིད་ཚན་ཆུང་གི་འགན་ནུས་འདོན་སྤེལ་ཏན་ཏིག་བྱས་ཏེ། སྲིད་ཇུས་སྒྲོག་འགྲེལ་དང་ལས་གཞི་གཅིག་གྱུར། ཉིན་རྒྱུན་གྱི་བཀོད་གཏོང་། ཕན་འབྲས་དཔྱད་དཔོག་སོགས་འགག་རྩའི་ལས་རིམ་ལ་དམིགས་དགོས་ཤིང་། ལས་ཀར་སྐུལ་འདེད་གཏོང་རིམ་ཁྲོད་གནས་པའི་དཀའ་ངལ་ཅན་གྱི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱས་ནས། རོགས་སྐྱོར་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།