ཟླ11པའི་ཚེས14ཉིན་གྱི་དགོང་མོ། ཧྲང་ཧའེ་གྲོང་ཁྱེར་མཚོ་སྔོན་རོགས་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚན་ཆུང་དང་མགོ་ལོག་ཁུལ་རྨ་ཆེན་རྫོང་གཉིས་ཀྱིས་མཉམ་འབྲེལ་སྒོས་གསར་རྩོམ་བྱས་པའི་ཐོག་མའི་ཞབས་བྲོའི་ཟློས་གར《གངས་རིའི་ས་ཆེན》ཞེས་པ་ཀྲུང་གོའི་ཧྲང་ཧའེ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་སྐབས་ཉེར་ལྔ་པའི་སྟེང་འཁྲབ་སྟོན་བྱས།
ཞབས་བྲོའི་ཟློས་གར《གངས་རིའི་ས་ཆེན》ཞེས་པ་མའོ་ཏུན་རྩོམ་རིག་བྱ་དགའི་མིང་གཅིག་པའི་བརྩམས་ཆོས་ནས་བཅོས་སྒྲིག་བྱས་ཤིང་། དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་པ་དང་བདུན་ཅུ་པར་མཐའ་སྲུང་ལས་བྱེད་པས་མགོ་ལོག་མཐོ་སྒང་དུ་གཞི་ཚུགས་པའི་འབད་འཐབ་ལོ་རྒྱུས་གཙོ་བོར་བཟུང་སྟེ། རྒྱ་བོད་མང་ཚོགས་ཀྱི་སེམས་མཐུན་སློབ་སྒྲུབ་དང་བདེ་ཐང་སྲུང་སྐྱོབ། སྐྱེ་ཁམས་སྲུང་སྐྱོབ། ཁྱིམ་གཞིས་མཉམ་སྐྲུན་བཅས་ཀྱི་དྲོ་སྐྱིད་ལྡན་པའི་རྣམ་པ་སླར་ཡང་མངོན་ཡོད།
ཐེངས་འདིའི་འཁྲབ་སྟོན་ནི་མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། ཧྲང་ཧའེ་གྲོང་ཁྱེར་གྱི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚན་ཆུང་དང་མགོ་ལོག་ཁུལ་ཏང་ཨུའི་དྲིལ་བསྒྲགས་པུའུ་སོགས་ལས་ཁུངས་ཀྱིས་མཉམ་འབྲེལ་སྒོས་འགན་སྒྲུབ་བྱས་པ་ཡིན། འཁྲབ་སྟོན་ནང་ཞུགས་པའི་ཚོགས་པའི95%ཡན་ནི་མགོ་ལོག་ས་གནས་ཀྱི་འཁྲབ་སྟོན་མི་སྣ་ཡིན་ཞིང་། རྒྱལ་ཁབ་རིམ་པའི་གར་སྟེགས་སྒྱུ་རྩལ་ཆེ་གྲས་ཀྱི་སྦྱོང་བརྡར་བརྒྱུད་ས་གནས་དེ་གར་གནས་ཐུབ་པ་དང་། འགན་འཁུར་ཐུབ་པ། གསར་རྩོམ་བྱེད་མཁས་པ་བཅས་ཀྱི་རང་ས་གནས་ཀྱི་རིག་རྩལ་རྐང་འཛིན་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཡོད་ལ། ཧྲང་ཧའེ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དེ“གཞན་གྱི་མ་དངུལ་ལ་བརྟེན་པ”ནས“རང་གི་རིག་གནས་ལ་བརྟེན་པར”བསྒྱུར་རྒྱུར་སྐུལ་འདེད་བཏང་།
ཀྲུང་གོའི་གླུ་གར་ཟློས་གར་ཁང་གི་འཁྲབ་ཁྲིད་པ། ཞབས་བྲོའི་ཟློས་གར《གངས་རིའི་ས་ཆེན》ཞེས་པའི་སྤྱི་ཁྱབ་འཁྲབ་ཁྲིད་པ་མའོ་དབྱེ་ཞིན་གྱིས་བཤད་རྒྱུར།
འཁྲབ་སྟོན་བྱེད་ཐེངས་རེ་ནི་ངས་བསམ་ན་མཐོར་འདེགས་གཏོང་བ་ཡིན་ལ། འཁྲབ་སྟོན་ཐེངས་རེའི་ཁྲོད་ནས་ཉམས་མྱོང་མང་པོ་བླངས་ཏེ་ང་ཚོའི་ཞབས་བྲོའི་ཟློས་གར་འདི་ཇེ་བཟང་ནས་ཇེ་བཟང་དུ་འགྱུར།
ཞབས་བྲོའི་ཟློས་གར《གངས་རིའི་ས་ཆེན》ཞེས་པ་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་ཁྲོད་རྫོང་རིམ་པའི་ལས་ཁུངས་ཀྱིས་བདམས་ཐོན་བྱུང་བའི་ཟློས་གར་གྱི་རྣམ་གྲངས་འབའ་ཞིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་དབྱང་ཏང་གི་སློབ་གྲྭར་བསྐྱོད་པའི་ཐོག་མའི་གསར་རྩོམ་གྱི་ཞབས་བྲོའི་ཟློས་གར་ཐོག་མ་དེ་ཡིན་ལ། ཞིང་ཆེན་ནང་ཁུལ་གྱི་རྫོང་རིམ་པའི་ཟློས་གར་ཁང་གིས་ལེགས་འགྲུབ་བྱས་ཤིང་རྒྱལ་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་བྱེད་པའི་འཁྲབ་ཚན་རྩེ་གྲ་ཐོག་མ་དེའང་ཡིན། ཞབས་བྲོའི་ཟློས་གར་དེ་སྔ་རྗེས་སུ་པེ་ཅིང་དང་ཧྲང་ཧའེ་སོགས་སུ་འཁྲབ་སྟོན་བྱས་པ་དང་། རིམ་རྩིས་བྱས་ན་སྐོར་སྐྱོད་འཁྲབ་སྟོན་ཐེངས119བྱས།
ཧྲང་ཧའེ་རོལ་དབྱངས་སློབ་གླིང་རྣོ་སྦྲེང་ཚན་ཁག་གི་དགེ་རྒན་ཆེན་མོ་ཐང་ཧྲེང་ཧྲེང་གིས་བཤད་རྒྱུར།
ཧ་ཅང་སེམས་འགུལ་ཆེན་པོ་ཐེབས། ཧ་ཅང་ཡག་པོ་འདུག ཞབས་བྲོའི་ཟློས་གར་འདིས་ང་ཚོ་མགོ་ལོག་ཁུལ་གྱི་སྐྱེ་ཁམས་དང་དཔལ་ཡོན་མངོན་ཡོད་པར་མ་ཟད། ང་ཚོ་མགོ་ལོག་ཁུལ་གྱི་ཡུལ་སྲོལ་གོམས་འདྲིས་ཀྱང་མངོན་ཡོད་ལ། སྔར་ལས་གལ་ཆེ་བ་ནི་ཟློས་གར་འདིས་སྙིང་སྟོབས་ཤིག་མཚོན་ཡོད་པ་ཡིན།
ཐེངས་འདིའི་ཧྲང་ཧའེ་འཁྲབ་སྟོན་གྱིས་དུས་གཅིག་ཏུ་རིག་གནས་ཡུལ་སྐོར་འོས་སྦྱོར་དང་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་སྤེལ་ཞིང་། ཡུལ་དངོས་སུ་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རིན་ཐང་སྒོར་ཉིས་འབུམ་ཉིས་ཁྲི་བརྒྱད་སྟོང་ཉིས་བརྒྱ་ཕྱིར་ཚོང་བྱས་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་མཉམ་ལས་འདོད་བློ་སྒོར་འབུམ་བཞི་ལས་བརྒལ་ཡོད་ལ། བདེ་བླག་ངང་རིག་གནས་ཀྱི་ཚ་རླབས་དེ་ཐོན་ལས་ཀྱི་འཕར་ཚད་དང་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར།