བོད་ལུགས་གསོ་རིག་གི་ཚད་གཞིའི་སྤུས་ཚད་འཕེལ་རྒྱས་མཐོར་འདེགས་ཚོགས་འདུ་ཟི་ལིང་དུ་འཚོགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཉེ་སྔོན། བོད་ལུགས་གསོ་རིག་གི་ཚད་གཞིའི་སྤུས་ཚད་འཕེལ་རྒྱས་མཐོར་འདེགས་ཚོགས་འདུ་ཟི་ལིང་དུ་འཚོགས། ཐེངས་འདིའི་ཚོགས་འདུ་ནི་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་ཚོགས་དང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་ཚད་གཞི་ཅན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་ངང་གཙོ་སྒྲུབ་བྱས། ཚོགས་འདུར་མཚོ་སྔོན་དང་། པེ་ཅིན། བོད་ལྗོངས། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ནས་ཐོན་པའི་བོད་ལུགས་གསོ་རིག་སྐོར་གྱི་རྩེར་སོན་ཅན་དང་ཕུལ་བྱུང་ཆེད་མཁས་པ80ལྷག་དང་། འཐུས་ཚབ་པ180། དེ་མིན་མཚོ་སྔོན་སློབ་ཆེན་གྱི་འབུམ་རམས་པ་དང་ཞིབ་འཇུག་སློབ་མ་དག་ཞུགས་ཡོད། ཚོགས་ཐོག་ཏུ་བོད་ལུགས་གསོ་རིག་སྐོར་གྱི་གྲུབ་འབྲས་འགྲེམ་སྟོན་དང་ཁྱབ་བསྒྲགས་བྱས་པ་མ་ཟད། སྲོལ་རྒྱུན་གསོ་རིག་རྒྱལ་སྤྱི་ཅན་གྱི་ཚད་གཞིར་འཕེལ་རྒྱས་གཏོང་བའི་བགྲོད་ལམ་དང་གནས་ཚུལ། བོད་ལུགས་གསོ་རིག་གི་སྨན་རྫས་གསར་པ་གསར་སྤེལ་བྱེད་པ་དང་ནད་ཐོག་སྨན་བཅོས་ལ་གདེང་འཇོག་བྱེད་པའི་དཀའ་ཁག་དང་ཐག་གཅོད་བྱེད་ཐབས་ཀྱི་ཇུས་གཞི་སོགས་བརྗོད་དོན་སྙན་ཞུ་ལ་ཉན།

ཐེངས་འདིའི་ཚོགས་འདུའི་དུས་ཡུན་ཉིན་གཉིས་ཡིན་པ་དང་། ཉིན་གཉིས་ཀྱི་རིང་ཚོགས་ཞུགས་པ་རྣམས་ཀྱིས་བོད་ལུགས་གསོ་རིག་གི་ཚད་གཞིའི་སྤུས་ཚད་འཕེལ་རྒྱས་དང་མཐོར་འདེགས་སུ་གཏོང་བ་དང་། བོད་ལུགས་གསོ་རིག་གི་སྲོལ་རྒྱུན་སྨན་བཅོས་བྱེད་ཐབས་དང་ཐུན་མིན་ཁྱད་ཆོས། མ་འོངས་འཕེལ་རྒྱས། ནད་ཐོག་སྨན་བཅོས་སྐོར་གྱི་དཀའ་ཁག་སེལ་ཐབས་སོགས་ཀྱི་སྐོར་ལ་ཆེད་དོན་ཞུབ་འཇུག་དང་བགྲོ་གླེང་། ཉམས་མྱོང་མཉམ་སྤྱོད། སློབ་སྦྱོང་སོགས་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།