དུས་རབས་ཀྱི་འགན་འཁྲི་མཉམ་དུ་ཁུར་ནས། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནི། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རིམ་པ་མཐོ་ཤོས་དང་ཁྱབ་ཁོངས་ཆེ་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་དཔལ་འབྱོར་མཉམ་ལས་ཀྱི་རྐྱེན་སྲོལ་ཞིག་ཡིན། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཁྱིམ་ཚང་ཆེན་མོའི་ཁོངས་མི་ཞིག་ཡིན་པའི་ཆ་ནས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ས་ཁོངས་ཀྱི་ཟླ་གྲོགས་དང་མཉམ་དུ་གོ་སྐབས་མཉམ་སྤྱོད་དང་མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུ་ཡོད།

ཟླ11པའི་ཚེས18ཉིན་ནས་ཚེས19ཉིན་བར། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་ཧྲེན་ཀྲེན་དུ་འཚོག་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ། ཁོངས་ཞུགས་དཔལ་འབྱོར་དངོས་ཕུང་སོ་སོའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དར་རྒྱས་ཀྱི་འཆར་གཞི་གསར་པ་མཉམ་དུ་འགོད་རྒྱུ་རེད།

APECཡི“ཀྲུང་གོའི་ལོའི”མཐོ་རིམ་དཔོན་རིགས་ཀྱི་ཚོགས་འདུ་མཐའ་མ་དེ་ཟླ11པའི་ཚེས15ཉིན་ཧྲེན་ཀྲེན་དུ་གྲོལ་བ་དང་། ཕྱོགས་སོ་སོས་འབྲེལ་གཏུག་གཏིང་ཟབ་བྱས་ནས། ཕན་ཚུན་བར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་སྟེ། འཚོག་འཆར་ཡོད་པའི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་མཐའ་མའི་གྲུབ་འབྲས་ཐོབ་རྒྱུའི་གྲ་སྒྲིག་བྱས། APECཡི“ཀྲུང་གོའི་དུས་ཚོད”དེ་ལྟེ་བའི་གྲོས་རིམ་ནང་ཚུད་པ་དང་། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཟླ་གྲོགས་ཧྲེན་ཀྲེན་དུ་མཉམ་འཛོམས་བྱེད་པ་དང་། འཛམ་གླིང་གི་མིག་རྒྱང་ཀྲུང་གོར་དམིགས་ཡོད།

མུ་མཐའ་མེད་པའི་ཞི་བདེ་རྒྱ་མཚོས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཐུན་མོང་གི་འདུན་པ་མཚོན་ཡོད། དབུ་བརྙེས་ནས་ལོ37འཁོར་བའི་རིང་ལ། ཡ་གླིང་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས“སྒོ་འབྱེད་ཀྱི་ས་ཁོངས་རིང་ལུགས”ཀྱི་ལྟ་བ་འདི་རྒྱུན་འཁྱོངས་བྱས་ཏེ། མཐུན་ལ་མི་འདྲ་ཞིང་གཉིས་ཕན་མཉམ་རྒྱལ་ཡོང་བའི་མཉམ་ལས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ཉིད་གོ་ལ་ཧྲིལ་པོའི་སྒོ་འབྱེད་དང་འཕེལ་རྒྱས་ཀྱི་མདུན་གྲལ་དུ་སྐྱོད་པར་སྣེ་ཁྲིད་བྱས་ཏེ། ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ཉིད་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་གྱི་གསོན་ཤུགས་ཆེས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཏུ་འགྱུར་བར་རམ་འདེགས་བྱས་ཡོད།

འོན་ཀྱང་། འཛམ་གླིང་ཧྲིལ་པོའི་ཉོ་ཚོང་སྲུང་སྐྱོང་རིང་ལུགས་ཀྱི་མགོ་འབུས་པ་དང་ས་བབ་ཆབ་སྲིད་ཀྱི་གདོང་ཐུག་རྒྱུན་མཐུད་པའི་དེང་གི་དུས་འདིར། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ཡང་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་གནས་ཡོད། ཇི་ལྟར་བྱས་ནས་དཀའ་སྡུག་ལས་གྲོལ་ཏེ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ཀྱི་ངོ་མཚར་མུ་མཐུད་དུ་རྩོམ་དགོས་སམ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་གཟིགས་རྒྱང་རིང་མོའི་ཐོག་ནས་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་གནང་སྟེ། འདོད་ཚུལ་གསལ་པོ་དང་དངོས་སྒྲུབ་ཀྱི་གྲོས་འགོ་ཐེངས་མང་བཏོན་པར་མ་ཟད། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཁྱིམ་ཚང་ཆེན་མོའི་གཅིག་སེམས་གཅིག་གཏོད་དར་སྤེལ་བཏང་ནས།ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུར་སྣེ་སྟོན་གནང་ཡོད།

2013ལོའི་ཚུན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་རིམ་བྱུང་ནང་ཞུགས་ཏེ་གསུང་བཤད་གལ་ཆེན་ཡང་གནང་ཡོད། “ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི”ལམ་རིས་ཐོག་མར་བཏོན་པ་དང་ཞིབ་བརྗོད་བྱས་པ་ནས། ཕན་ཚུན་ཡིད་ཆེས་དང་བསྟུན་མཁས། མཉམ་ལས། གཉིས་ཕན་བཅས་ཀྱི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རོགས་རེས་འབྲེལ་བ་ཐུན་མོང་ཐོག་འཛུགས་རྒྱུ་དར་སྤེལ་གཏོང་བའི་བར་དང་།དེ་ནས་སྒོ་འབྱེད་བསྟུན་མཁས་དང་གསར་གཏོད་འཕར་སྣོན། ཕན་ཚུན་འབྲེལ་མཐུད། མཉམ་ལས་གཉིས་ཕན་བཅས་ཀྱི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་ནང་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་འཆད་འགྲེལ་བྱས་པའི་བར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་དངོས་ཕུང་ཁག་གི་ཁེ་ཕན་མཉམ་འདྲེས་དང་ལས་དབང་གཅིག་མཐུན་གྱི་དོན་དངོས་གསལ་སྟོན་གཏིང་ཟབ་གནང་ནས། མཉམ་དུ་ལག་གདང་སྦྲེལ་ཏེ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་པའི་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད།

ཡ་གླིང་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡི་ཆེན་མོ་ཀའོ་ཅིན་ཧུང་གིས་བཤད་རྒྱུར། ལས་སྐལ་གཅིག་མཐུན་ཚོགས་པའི་ཁྲོད་ང་ཚོ་ཐུན་མོང་གི་འབྱུང་འགྱུར་ཡོད་ཅིང་། ང་ཚོར་མཁོ་བ་ནི་ཞི་བདེ་དང་བརྟན་བརླིང་། དར་རྒྱས་བཅས་ཡིན་པ་དང་། མཐར་གཏུག་ནས་བཤད་ན་མི་དམངས་ལྟེ་བར་འཛིན་པའི་འབྱུང་འགྱུར་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཁ་ཕྱོགས་འདི་དར་སྤེལ་ཤུགས་ཆེན་གཏོང་བཞིན་ཡོད། ཀྲུང་གོས་མུ་མཐུད་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཞི་བདེ་སྲུང་སྐྱོང་དང་བརྟན་བརླིང་སྲུང་སྐྱོབ། དར་རྒྱས་སྐུལ་ཁྲིད། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད་ཟེར།

“ཀྲུང་གོའི་འཕེལ་རྒྱས་ཀྱིས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ལ་ཕན་བདེ་བསྐྲུན་པ་དང་། རང་ཉིད་ཀྱི་འཕེལ་རྒྱས་ལ་བརྟེན་ནས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ལ་བདེ་སྐྱིད་བསྐྲུན་དགོས།” ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནང་ཞུགས་ནས་ལོ30ལྷག་འཁོར་བའི་རིང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ས་ཁོངས་མཉམ་ལས་ནང་བློ་བརྟན་འགྱུར་མེད་ངང་ཞུགས་མཁན་དང་ལེགས་སྐྱེས་འབུལ་མཁན་ཞིག་ཡིན།

སྒོ་འབྱེད་ཀྱི་ཐོག་ནས་རྒྱུན་འཁོར་བྱས་ཏེ་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་རེས་འབྲེལ་བའི་གྲོས་མཐུན》སྤུས་ཚད་མཐོན་པོས་དོན་འཁྱོལ་བྱས་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི3.0རིམ་སྤོར་ལ་སྐུལ་འདེད་བརྟན་པོ་བཏང་ནས། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་ལ་རྒྱུན་སྲིང་གི་སྒུལ་ཤུགས་བསྣན་ཡོད། ཀྲུང་གོས་རྒྱུན་ཆད་མེད་པར་ཕྱི་ཕྱོགས་མ་དངུལ་ཆོག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་ཇེ་ཉུང་དུ་གཏོང་བ་དང་། ཞབས་ཞུའི་ལས་རིགས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། རང་ངོས་ཀྱི་སྒོ་འབྱེད་ཁེ་ཕན་གྱི་ཐོག་ནས་མཐའ་འཁོར་གྱི་ཟླ་གྲོགས་ལ་ཕན་བདེ་བསྐྲུན་རྒྱུ་ཡིན།

ཀུན་ལ་ཕན་པ་དང་བསྟུན་མཁས་བྱས་ནས་ཐུན་མོང་ཐོག་དར་རྒྱས་ཡོང་བར་བྱེད་དགོས། ཐེ་གོ་རུ། ཀྲུང་གོའི་ནུས་ཁུངས་གསར་པའི་ལག་རྩལ་གྱིས་ས་གནས་དེའི་རླངས་འཁོར་ཐོན་ལས་སྦྲེལ་ཐག་གི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ་དང་། མ་ལེ་ཞི་ཡ་རུ། ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་དེ་གའི་མི་རིགས་རླངས་འཁོར་སྤུས་རྟགས་ལ་རོགས་རམ་བྱས་ནས་གྱོང་སེལ་ཁེ་སྒྱུར་བྱས་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱིས་མཉམ་དུ་མཉམ་འདྲེས་གཏིང་ཟབ་དང་གཉིས་ཕན་གཉིས་རྒྱལ་གྱི་ཐོན་ལས་ཀྱི་སྐྱེ་ཁམས་གསར་པ་བསྐྲུན་ཡོད། ཕེ་རུ་རུ། ཤར་གཏོང་བྱས་ནས་ལོ་གཉིས་འཁོར་བའི་ཆན་ཁའེ་གྲུ་ཁ་དེ་ཡ་གླིང་དང་ལ་ཏིང་མེ་གླིང་བར་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་གི“མྱུར་བགྲོད་བགྲོད་ལམ”ཞིག་ཏུ་གྱུར་པར་མ་ཟད། ལག་རྩལ་གསོ་སྦྱོང་བྱས་པ་བརྒྱུད། ས་གནས་དེ་གར་ལས་ཞུགས་ལས་གནས་ཁྲི་ཁ་ཤས་བསྐྲུན་ཡོད། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་རུ། ཀྲུང་གོའི་ཤ་མོ་གསོ་རྩྭ་དང་ཐན་སའི་ཆུ་འབྲས་ལག་རྩལ་གྱིས་མི་དམངས་དབུལ་ཐར་ཐུབ་པར་སྐུལ་ཁྲིད་བྱས་ཏེ། གླིང་ཕྲན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། “རྒྱལ་ཁབ་སོ་སོ་ཐུན་མོང་ཐོག་འཕེལ་རྒྱས་བཏང་ན་གཞི་ནས་འཕེལ་རྒྱས་ངོ་མ་ཡིན”ཞེས་པའི་ཀྲུང་གོའི་འདུ་ཤེས་དེ་ས་ཁོངས་རྒྱལ་ཁབ་ཀྱི་དམངས་ཚོགས་ཀྱི་བདེ་རྩར་ཐུག་པའི་མྱོང་ཚོར་དུ་འགྱུར་བཞིན་ཡོད།

མི་ཐབས་རིག་ནུས་སོགས་རེས་སྐོར་གསར་པའི་ཚན་རྩལ་དང་ཐོན་ལས་འཕོ་འགྱུར་གྱི་མདུན་དུ། ཀྲུང་གོས་སྒོ་འབྱེད་གསར་གཏོད་ཀྱི་སྐྱེ་ཁམས་མཉམ་སྐྲུན་བྱ་རྒྱུའི་རེ་འབོད་བྱ་རྒྱུ་རེད། ལྗང་མདོག་མཁོ་སྤྲོད་སྦྲེལ་ཐག་གི་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ནས་མི་ཐབས་རིག་ནུས་ཀྱི་ཕྱོགས་མང་གླེང་མོལ་ལས་སྟེགས་བསྐྲུན་པའི་བར་དང་། དེ་ནས་ཡུན་རིང་མ་སོང་གོང་དུ། “APECགྲངས་གཞི་རྒྱལ་མཚམས་སྒྲོལ་བའི་འཁོར་སྐྱོད་མཉམ་ལས་ཀྱི་ཀྲུང་གོའི་ལྟེ་གནས”འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པའི་བར་དུ། ཀྲུང་གོས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གྲངས་གཞི་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཚུལ་སྒྱུར་ལ་སྐུལ་འདེད་བཏང་ནས་འཕར་ནུས་གསར་པ་སྐྱེད་སྲིང་བྱ་རྒྱུ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག ཨ་ལི་ཧྲ་ཧི་པཱ་ནཱ་ཡིས་བཤད་རྒྱུར། ཀྲུང་གོ་རྨང་གཞིའི་སྒྲིག་ཆས་དང་ནུས་ཁུངས་ཚུལ་སྒྱུར་སོགས་ཀྱི་ཐད་ནས་གོ་ལ་ཧྲིལ་བོའི་མདུན་གྲལ་དུ་སླེབས་ཡོད། APECསྒྲོམ་གཞིའི་འོག ཁུལ་ཁོངས་མཉམ་ལས་ལ་སྐུལ་འདེད་དང་། ཚོང་ལས་ཀྱི་གོ་སྐབས་སྔོག་འདོན་བྱས་ཏེ། ས་ཁུལ་དང་རྒྱལ་ཁབ་སྔར་ལས་རྒྱུན་མཐུད་ཐུབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱ་རྒྱུ་གལ་འགངས་ཆེ་བས། ཀྲུང་གོསAPECརྐྱེན་སྲོལ་ཁྲོད་མུ་མཐུད་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་པར་རེ་སྒུག་བྱས་ཡོད་ཟེར།

2001ལོའི་ཧྲང་ཧེ་ནས། 2014ལོའི་པེ་ཅིང་དང་། དེ་ནས2026ལོའི་ཧྲིན་ཀྲིན་དུ། ཐེངས་གསུམ་པར་མགྲོན་བདག་རྒྱལ་ཁབ་ཀྱི་འགན་ཁུར་བའི་ཀྲུང་གོ་དང་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རིགས་གཅིག་གྲོགས་པོའི་ཐོག་མའི་སེམས་འདུན་འགྱུར་མ་མྱོང་།

APECཀྲུང་གོའི་ལོ་འགོ་བརྩམས་པའི་ཚུན་ལ། ཀྲུང་གོའི་ཕྱོགས་ཀྱིས་གྲོང་ཁྱེར་བཅུ་ལྷག་ཏུ་བསྟུད་མར་བྱེད་སྒོ་ཐེངས་སུམ་བརྒྱ་ལྷག་སྤེལ་བ་དང་།  ཉོ་ཚོང་དང་ཡུལ་སྐོར། ནུས་ཁུངས། ནགས་ལས། གཞི་གྲངས་དང་མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་པུའུ་ཀྲང་ཚོགས་འདུ་མང་པོ་བསྡུས་པ་ནས། འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་ཚོགས་པར་དམིགས་ནས་ནུས་པ་འཛུགས་སྐྱོང་གསོ་སྦྱོང་བྱས་པའི་བར། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཕྱོགས་མང་མཐུན་སྦྱོར་འགུལ་སྐྱོད་ཀྱི་མཉམ་ལས་སྒྲོམ་གཞི་འཛུགས་པ་དང་། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གཅིག་མཐུན་ཚོགས་པ་བསྐྲུན་ནས་མཉམ་དུ་དར་རྒྱས་འགྲོ་བར་སྐུལ་ཞེས་པའི་མདུན་ལྗོངས་དེ་མཉམ་ལས་ཀྱི་གྲུབ་འབྲས་དངོས་སུ་བསྒྱུར་རྒྱུ་རེད།

ནེའུ་ཙི་ལན་གྱི་ཉོ་ཚོང་དང་དངུལ་གཏོང་པུའུ་ཀྲང་། མའེ་ཁི་ལའེ་ཡིས་བཤད་རྒྱུར། འཛམ་གླིང་ལ་ཐོག་མཐའ་བར་གསུམ་དུ་འགོ་ཁྲིད་ནུས་པ་མཁོ་བས། ཀྲུང་གོས་འགན་འཁྲི་སྔར་ལས་མང་པོ་ཁུར་བར་ང་ཚོས་བསྟོད་བསྔགས་བྱེད་བཞིན་ཡོད་ལ། ཐེངས་འདིའི་གྲོས་ཚོགས་ལ་རེ་སྒུག་ཆེན་པོ་བྱས་ཡོད། མིག་སྔའི་གོ་ལ་ཧྲིལ་བོའི་གཏན་འཁེལ་མིན་པའི་རང་བཞིན་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་འོག ཉོ་ཚོང་གི་རྒྱུན་མཐུད་ཐུབ་པ་དང་མཁོ་འདོན་མུ་ཕྲེང་བརྟན་པོ་ཡོང་བར་ཁག་ཐེག་བྱ་རྒྱུ་ཧ་ཅང་གལ་ཆེ་བས། དཔལ་འབྱོར་ཚོགས་པ་སོ་སོའི་འགོ་ཁྲིད་མི་སྣ་མཉམ་ཏུ་འཛོམས་ནས། ཉོ་ཚོང་སོགས་གྲོས་གཞི་གལ་ཆེན་ལ་གྲོས་བསྡུར་བྱ་རྒྱུ་ནི། ངས་བལྟས་ན་དུས་ཚོད་འོས་འཚམ་རེད་སྙམ་ཟེར།

ཀྲུང་གོའི་ཨ་རིའི་ཚོང་ཚོགས་ཀྱི་འགོ་གཙོ། ཧི་མའེ་ཁི་ཡིས་བཤད་རྒྱུར།  ཀྲུང་གོ་ནི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་ཚོགས་པ་གལ་ཆེན་ཞིག་ཡིན་པས།  APECཁྲོད་ནུས་པ་ཆེན་པོ་འདོན་བཞིན་ཡོད། སྒོ་འབྱེད་དཀྱེལ་ཡངས་ཀྱི་འདུ་ཤེས་སྲུང་འཛིན་དང་། ཀྲུང་གོས་མཉམ་ལས་སྟེགས་བུ་བསྐྲུན་པས། ང་ཚོས་ཧྲིན་ཀྲིན་དུ་ཕན་འབྲས་ངེས་ཅན་ལྡན་པའི་སྲིད་གཞུང་བར་དང་ཚོང་དོན་ལས་རིགས་ཀྱི་གྲོས་མོལ་བྱེད་ཐུབ་པའི་རེ་བ་བཅངས་ཡོད།

མ་འོངས་པར་ཁ་ཕྱོགས་ནས་ཀྲུང་གོས་མུ་མཐུད་དུ་དཀྱེལ་ཡངས་རྣམ་འགྱུར་གྱིས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོར་གོང་བཀུར་དང་འཛམ་གླིང་ལ་མཉམ་འབྲེལ་བྱེད་པ་དང་། ཕྱོགས་སོ་སོ་དང་མཉམ་དུ། APECམཉམ་ལས་དེ་ཧྲིན་ཀྲིན་ནས་བསྐྱར་དུ་འགོ་བརྩམ་པར་སྐུལ་འདེད་བཏང་སྟེ། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་སྒོ་འབྱེད་དང་གསར་གཏོད། མཉམ་ལས་བཅས་ཀྱི་ལེའུ་གསར་བ་འབྲི་རྒྱུ་རེད་ཟེར།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།