ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག》པར་འགྲེམས་བྱས།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་བྱ་བ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུས་ཡོད)པར་འགྲེམས་བྱས་པ་མ་ཟད་བརྡ་སྦྱོར་བཏང་ནས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ནན་ཏན་གྱིས་བརྩི་སྲུང་དང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་སྦྱོར་ལས་བསྟན་དོན། 《སྲོལ་ཡིག》ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཡོད་ལ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་དོན་འཁྱོལ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གིས་ས་གནས་ཏང་ཨུའི་བྱ་བར་སྔར་ལས་ཚད་མཐོའི་བླང་བྱ་བཏོན་ཡོད་པར་དམིགས་ཏེ། ས་གནས་ཏང་ཨུའི་བྱེད་ནུས་ཇེ་ཆེར་གཏོང་བ་དང་། ས་གནས་ཏང་ཨུའི་བྱ་བའི་འགན་འཁྲི་དང་འཁོར་སྐྱོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ས་གནས་ཏང་ཨུས་རང་ས་ཁུལ་དུ་སྤྱི་ཡོངས་འཛིན་སྐྱོང་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁ་ཕྱོགས་འཛིན་པ། སྤྱི་ཡོངས་ལ་དོ་དམ་དང་ཇུས་ཐག་གཅོད་པ། དོན་འཁྱོལ་འགན་སྲུང་བཅས་བྱེད་པའི་འགན་འཁྲི་སྔར་ལས་ལེགས་པར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན།

བརྡ་སྦྱོར་ལས་བླང་བྱ་བཏོན་དོན། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་ཡིས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག ཡིད་རྟོན་བཞི་ཇེ་བརྟན། སྲུང་སྐྱོང་གཉིས་དོན་འཁྱོལ་ཐུབ་པ་བཅས་བྱས་ཏེ། 《སྲོལ་ཡིག》ལ་སློབ་སྦྱོང་ནན་ཏན་དང་། 《སྲོལ་ཡིག》བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན། 《སྲོལ་ཡིག》ལག་བསྟར་ནན་པོ་བཅས་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། སྤྱི་ཡོངས་ཀྱི་ལྟ་བ་དང་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་ཀྲུང་དབྱང་གི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། གསར་གཏོད་རང་བཞིན་གྱི་སྒོ་ནས་བྱ་བ་སྒྲུབ་སྟེ། ཏང་ཀྲུང་དབྱང་གི་བཀའ་བཀོད་ཐོགས་མེད་དང་གང་གསུང་དེ་སྒྲུབ་ཐུབ་པར་འགན་སྲུང་བྱེད་དགོས། ཏང་གི་འགོ་ཁྲིད་དོན་འཁྱོལ་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡག་པོར་འཁུར་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ནོར་འཁྲུལ་མེད་པར་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་མཐའ་གཅིག་ཏུ་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་འགན་སྲུང་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། སྲིད་འབྲས་ལྟ་བ་ཡང་དག་བརྟན་པོར་འཛུགས་པ་དང་ལག་ལེན་ནན་ཏན་བྱེད་པ། དོན་དངོས་གཞིར་འཛིན་པ་དང་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་ཆེད་དུ་སྲིད་འབྲས་འདོན་པ་དང་། དངོས་དོན་སྒྲུབ་པར་བརྟེན་ནས་སྲིད་འབྲས་འདོན་པར་འབད་བརྩོན་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། གྲོས་དོན་ཐག་གཅོད་དང་ལྟ་སྐུལ་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཡོངས་ཀྱི་བྱེད་ནུས་ཇེ་ཆེར་གཏོང་བ་དང་། འགོ་ཁྲིད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ། ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། ལག་བསྟར་ནུས་ལྡན། དོ་དམ་ནན་མོ། ཚན་ཁག་མཐུན་སྒྲིལ། སྤྱོད་སྟངས་བཟང་བ་བཅས་ཀྱི་རྩ་འཛུགས་སྟོབས་ལྡན་འཛུགས་སྐྱོང་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས《སྲོལ་ཡིག》ནང་གི་གནས་ཚུལ་དང་གྲོས་གཞི་གལ་ཆེན་ལག་བསྟར་བྱེད་སྐབས། ཏང་ཀྲུང་དབྱང་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།