ཟླ11ཚེས12ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས། མཚོ་སྔོན་ཞིང་ཆེན་ནགས་ལས་སློབ་ཚོགས་ཀྱིས་གཙོ་གཉེར་བྱས་པའི2026ལོའི་ཞིང་ཆེན་ཡོངས་ཀྱི་རང་བྱུང་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་ཟི་ལིང་དུ་འཚོགས། ཚོགས་ཆེན་ཐོག་སྣ་མང་ལས་རིགས་གཅིག་པ་མཉམ་དུ་བསྐྱོད་ནས་ཐུན་མོང་ཐོག་མདུན་ལམ་གསར་བ་མཉམ་དུ་བསྐྲུན་ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་རང་བྱུང་སློབ་གསོའི་གྲུབ་འབྲས་ཁྱབ་བསྒྲགས་བྱེད་པ་དང་ཕྱོགས་མང་པོའི་མཉམ་སྐྲུན་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་ཇུས་འགོད་བྱས།
ཚོགས་ཐོག་ཏུ《མཚོ་སྔོན་བྱ་རིགས་ཀྱི་སྒྲ་རིས་དབྱེ་འབྱེད་དཔེ་དེབ》ཁྱབ་སྤེལ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ནགས་ལས་སློབ་ཚོགས་ཀྱི2026ལོའི་ནགས་རྩྭ་ཚན་རྩལ་བྱ་དགའ་ཐོབ་མཁན་ལ་བྱ་དགའ་གནང་། དེ་དང་ཆབས་ཅིག་ཞིང་ཆེན་ནགས་རྩྭ་ཅུས་སོགས་ལས་ཁུངས་ཀྱིས་མཉམ་དུ་མཚོ་སྔོན་གྱི་རང་བྱུང་སློབ་གསོའི་མཉམ་སྐྲུན་གྲོས་འགོ་ཁྱབ་བསྒྲགས་བྱས། ཚོགས་འདུའི་ཐོག་ད་དུང་རིག་གནས་གསར་གཏོད་ཐོན་རྫས་འགྲེམས་ཁུལ་དང་མཐོ་རིམ་སློབ་གྲྭའི་དགེ་རྒན་ཆེན་མོ་བའི་སློབ་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད། མཉམ་གྲོས་མཉམ་སྐྲུན་གྱི་བརྗེ་རེས་སྟེགས་བུ་བསྐྲུན།
ལོ་བཅུའི་རིང་། རང་རེའི་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་ལས་དོན་ཁ་ཐོར་འཚོལ་ཞིབ་བྱེད་པ་ནས་མ་ལག་ལྡན་པའི་ངང་སྐུལ་འདེད་གཏོང་བའི་ཕྱོགས་སུ་བསྒྱུར་ཡོད། 《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སློབ་གྲྭའི་ངོས་འཛིན་ཁྲིད་ཕྱོགས》གཏན་འབེབས་དང་ཁྱབ་བསྒྲགས་བྱས། རང་ས་གནས་ཀྱི་རང་བྱུང་སློབ་གསོའི་ཞབས་ཞུའི་ཚད་གཞི་བཟོས་ནས་མཚོ་སྔོན་གྱི་རང་བྱུང་སློབ་གསོའི་མཚོན་རྟགས་ཁྱབ་བསྒྲགས་བྱས་ལ། རིམ་རྩིས་བྱས་ན་སྐྱེ་ཁམས་སློབ་གྲྭ23བཙུགས་ཡོད། སློབ་གྲྭའི་ནང་གི་སྐྱེ་ཁམས་སློབ་ཚན་བྱེད་སྒོ་དང་སློབ་ཕྱིའི་རང་བྱུང་སྲུང་སྐྱོང་ཁུལ་འཚོལ་ཞིབ་ལག་ལེན་ཟུང་འབྲེལ་གྱི་རང་བྱུང་སློབ་གསོའི་རྣམ་པ་རགས་ཙམ་ཆགས་ནས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སློབ་གསོ་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་ཕྱིན་ཡོད།