ཀྲུའུ་ཞི་ཞི་ཅིན་ཕིང་གིས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་དམ་འཛིན་བྱེད་པ་དང་། མི་ཐབས་རིག་ནུས་དང་། ཚད་རྡུལ་ཆ་འཕྲིན། ཚེ་སྲོག་བདེ་ཐང་སོགས་མདུན་གྲལ་ཁྱབ་ཁོངས་སུ་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། སྒོ་དབྱེ་དང་། དྲང་སྙོམས། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་གསར་གཏོད་འབྱུང་ཁམས་འཛུགས་སྐྱོང་བཅས་བྱས་ཏེ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཐོན་སྐྱེད་ནུས་ཤུགས་མཆོང་བརྒལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཁྱིམ་ཚང་ཆེན་མོའི་ཁོངས་གཏོགས་གལ་ཆེན་ཞིག་ཡིན་པའི་ཆ་ནས་ཀྲུང་གོའི་སྦགས་མེད་ཅན་དང་། གྲངས་གཞི་ཅན། རིག་ནུས་ཅན་བཅས་གོང་འཕེལ་མགྱོགས་པོ་ཕྱིན་པ་དང་མི་ཐབས་རིག་ནུས་དང་། ཚད་རྡུལ་ལག་རྩལ། མི་གཟུགས་འཕྲུལ་མི། ནུས་རྒྱུ་གསར་པའི་རླངས་འཁོར། སྐྱེ་དངོས་གསོ་རིག་དང་སྨན་རྫས་སོགས་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་བྱུང་ནས། གོ་ལ་ཧྲིལ་པོའི་ལག་རྩལ་གསར་པའི་“ཁྱབ་གདལ་ར་བ་”དང་“བཀོལ་སྤྱོད་ར་བར་”གྱུར་ཡོད།
དུས་མཚམས་དེའི་རིང་ཨ་ཤེ་ཡ་ཤར་ལྷོའི་ལྕགས་རིགས་ཡོ་བྱད་དང་ལྗར་པན་དང་ལྷོ་ཁོ་རེ་ཡའི་ཞིབ་ཐོན་ལྷུ་ལག་སྣ་ཚོགས་བླུགས་པའི་གྲུ་གཟིངས་མང་པོ་ཞིག་ཧྲན་ཏུང་ཆིང་ཏའོ་ཆན་ཝན་གྲུ་ཁའི་དོས་སྒམ་འདོན་འཇུག་ཁུལ་དུ་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཡོད་ཅིང་། དངོས་ཟོག་གྲུ་ཁར་འབྱོར་རྗེས། རྒྱལ་ནང་གི་ཕྱིར་གཏོང་དངོས་ཟོག་དང་གཅིག་སྡུད་ཐོག་དོས་སྒམ་བསྒྲིགས་ནས་ཡོ་རོབ་དང་དབུས་ཤར་སོགས་ཕྱི་རྒྱལ་གྱི་གྲུ་ཁར་ཁག་བགོས་ཀྱིས་བསྐྱལ་རྒྱུ་ཡིན་པ་རེད།
ལས་ཕྱོད་ཆེ་བའི་འགག་སྒྲོལ་ཞབས་ཞུ་དང་། འཐུས་སྒོ་ཚང་བའི་མཁྲེགས་ཆས་ཆ་སྒྲིག གསར་གཏོད་ཀྱི་ལྟ་སྐུལ་དོ་དམ་བྱེད་སྟངས་བཅས་ཀྱིས་ཆིང་ཏའོ་གྲུ་ཁའི་རྒྱལ་སྤྱིའི་བར་བརྒྱུད་བསྡུ་སྒྲིལ་ལས་སྒོའི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ས་ཁོངས་ལས་བརྒལ་བའི་ཟོག་འགྲེམས་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད། ཧོང་ཏའོ་འགག་སྒོ་ལྟ་སྐུལ་དོ་དམ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཀྲང་ཀྲི་སེན་གྱིས། ང་ཚོས་གྲངས་གཞི་ཆེན་མོའི་ལག་རྩལ་ལ་བརྟེན་ནས་ནང་འདྲེན་ཁག་བགོས་བཀའ་བཀོད་མཉམ་སྤྱོད་དང་། དངོས་ཟོག་འཁོར་ལམ་གྱི་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་ཆོག་པ། འགག་སྒྲོལ་གཞི་གྲངས་ལ་རང་འགུལ་ངང་ཞིབ་བཤེར་བྱེད་པ་བཅས་ཀྱིས། ཧྲན་ཏུང་གྲུ་ཁའི་གྲུ་ཁ་ལས་བརྒལ་བའི་བར་བརྒྱུད་དངོས་ཟོག་འཁོར་རྒྱུག་བགྲོད་ལམ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པ་དང་འགག་སྒོའི་ལས་སྒྲུབ་དུས་ཚོད་དེ་སྔའི་བརྒྱ་ཆ་25ལས་འགོར་གྱི་མེད་ཅེས་གསུངས་པ་རེད།
མིག་སྔར། ཀྲུང་གོས་འབྱུང་འགྱུར་གྱི་ཐོན་ལས་གོང་འཕེལ་ཧུར་ཐག་གཏོང་བ་དང་། གསར་དར་ཐོན་ལས་སྟོབས་ཆེར་གཏོང་བ། སྲོལ་རྒྱུན་གྱི་ཐོན་ལས་རིམ་སྤོར་བཅས་བྱས་ཏེ། གསར་གཏོད་ཀྱི་ནུས་པ་རྒྱུན་མཐུད་ངང་དཔལ་འབྱོར་གྱི་སྒུལ་ནུས་སུ་འགྱུར་དུ་འཇུག་བཞིན་ཡོད། གོ་ལ་ཧྲིལ་པོར་ཀྲུང་གོའི་མི་ཐབས་རིག་ནུས་ཀྱི་ཁུངས་འབྱེད་དཔེ་དབྱིབས་ཆེ་གྲས་ཕབ་འཇུག་བྱེད་ཚད་རིམ་རྩིས་བྱས་ན་ཐེངས་གྲངས་དུང་ཕྱུར་100ལས་བརྒལ་བ་དང་། ཚོད་འཛིན་ཐུབ་པའི་ཉིང་རྡུལ་འདུས་འགྱུར་དང་ཚད་རྡུལ་ཚན་རྩལ་སོགས་ཚན་རིག་གི་སྒྲིག་ཆས་ཆེན་པོ་གོ་ལ་ཧྲིལ་པོར་སྒོ་དབྱེ་བ། འབྱུང་འགྱུར་ལོ་5ཡི་ནང་། ཀྲུང་གོས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་གྲངས་5000ཙམ་ལ་མི་ཐབས་རིག་ནུས་ཀྱི་ཆེད་དོན་ཞིབ་འཇུག་ཟབ་སྦྱོང་གི་གོ་སྐབས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། ཧྲེན་ཀྲེན་གྱིས་མི་ཐབས་རིག་ནུས་ཀྱི་རྩིས་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་བ་མ་ཟད། ཆན་ཧའེ་སོགས་སྒོ་དབྱེའི་ལས་སྟེགས་ལ་བརྟེན་ནས་རྒྱལ་མཚམས་སྒྲོལ་བའི་གྲངས་གཞིའི་ཞབས་ཞུའི་རྣམ་པ་གསར་པ་སྔོན་ལ་འཚོལ་ཞིབ་བྱས་པ་དང་གྲངས་གཞིའི་ཞབས་ཞུ་དེ་རིགས་ཀྱིས་མ་ལེ་ཞི་ཡའི་གྲོང་ཁྱེར་གྱི་ཆུ་དོན་དོ་དམ་དྲ་བའི་སྐོར་བཤེར་འཕྲུལ་མིའི་སྦྱོང་བརྡར་ལ་ནུས་པ་འདོན་བཞིན་ཡོད་པ་རེད།
རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བ་དང་། གྲངས་འཛིན་དཔལ་འབྱོར་དང་སྦགས་མེད་དཔལ་འབྱོར་འཕར་སྣོན་གྱི་སྐུལ་སྤེལ་སྒུལ་ཤུགས་གལ་ཆེན་དུ་འགྱུར་བཞིན་པའི་དེང་གི་དུས་འདིར། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་། གོ་ལ་ཧྲིལ་པོར་རྒྱང་ལྟ་བྱས་ཚེ། “ཀྲུང་གོའི་གསར་གཏོད་”ཀྱིས་ས་ཁོངས་དང་འཛམ་གླིང་གི་དཔལ་འབྱོར་ལ་སྒུལ་ཤུགས་དེ་བས་ཆེ་བ་མཁོ་འདོན་བྱེད་བཞིན་ཡོད། 2020ལོའི་ཟླ་11པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་གླེང་མོལ་ཚོགས་འདུའི་ཐོག་བརྗོད་གཙོའི་གཏམ་བཤད་གནང་སྐབས། ང་ཚོས་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། གསར་གཏོད་གོང་འཕེལ་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། ས་ཁོངས་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ཁོང་ཡངས་དང་རྒྱུན་མཐུད་གོང་འཕེལ་ཡོང་བ་བཅས་བྱས་ཐོག འདུན་པ་དེ་གོམ་སྟབས་རེ་རེ་བཞིན་དོན་དངོས་སུ་འགྱུར་བ་བྱས་ཏེ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན་གནང་ཡོད།
ད་ཆ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་མང་པོར་ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་ཀྱིས་ལག་རྩལ་དང་། ཐོན་ནུས། ཞབས་ཞུ་བཅས་མཉམ་དུ་ས་གནས་དེ་གར་གཞི་ཚུགས་པ་དང་། དངོས་སྒྲུབ་མཉམ་ལས་ལ་བརྟེན་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་སྦགས་མེད་ཕྱིར་སྐྱོད་ལ་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། 2025ལོར་ཐེ་ལན་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་བྲིན་འཚོང་བྱེད་ཚད་ཁྲི་12ལས་བརྒལ་བ་དང་། དེའི་ཁྲོད་ཀྲུང་གོའི་སྤུས་རྟགས་ཀྱིས་གློག་སྒུལ་ཁོ་ནར་བརྟེན་པའི་རླངས་འཁོར་ཁྲོམ་ར་བཟུང་ཚད་བཅུ་ཆ་བརྒྱད་ལས་བརྒལ་ཡོད།
ཚན་རྩལ་པུའི་པུའུ་ཀྲང་གཞོན་པ་ཀྲང་ཀོང་ཅུན་གྱིས། རྒྱལ་སྤྱི་ཅན་གྱི་ཚན་རྩལ་གསར་གཏོད་དང་སྒོ་དབྱེའི་འབྱུང་ཁམས་འཛུགས་སྐྱོང་བྱེད་དགོས། ཚན་ཞིབ་མི་སྣས་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་བྱེད་པར་སྟབས་བདེ་སྔར་ལས་མང་བ་མཁོ་འདོན་བྱེད་པ་དང་། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚན་རིག་ཞིབ་འཇུག་གི་ཐེབས་རྩ་ལག་བསྟར་གཏིང་ཟབ་བྱེད་པ། ཕྱི་རྒྱལ་གྱི་ཚན་རྩལ་ཤེས་ལྡན་མི་སྣ་སྔར་ལས་མང་བ་ཀྲུང་གོར་བྱ་གཞག་གསར་གཏོད་བྱེད་པར་ཡོང་བར་དགའ་བསུ་ཞུ་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ལྡན་པའི་སྒོ་དབྱེ་དང་གསར་གཏོད་ཀྱི་འབྱུང་ཁམས་ཧུར་ཐག་ངང་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།