མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཟླ11པའི་ཚེས12ཉིན།   མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། “མཚོ་སྔོན་གྱི་ཁྱད་ལྡན་དགེ་མཚན་འདོན་སྤེལ་དང་སྤུས་ཚད་མཐོ་བའི་སྒོ་ནས‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན”ནང་མཉམ་འདྲེས་བྱེད་པའི་སྐོར་ནས་གྲོས་མོལ་སྲིད་གླེང་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཚོགས་འདུར་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

ཚོགས་འདུའི་ཐོག་ཁོང་ཡུང་གིས་བརྗོད་དོན་སྙན་ཞུ་ཕུལ་བ་དང་།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྱིས་མཚོ་སྔོན་དེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མཉམ་འདྲེས་བྱས་ཚུལ་མཚམས་སྦྱོར་བྱས།  ཚོགས་ཞུགས་འཐུས་མི8ཀྱིས་བརྗོད་དོན་དང་འབྲེལ་ནས་གྲོས་གཞི་བཏོན།  

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། “རྒྱུད་གཅིག་ལམ་གཅིག”ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་ཇུས་འགོད་དང་དངོས་སུ་བཀོད་སྒྲིག དངོས་སུ་སྐུལ་འདེད་བཅས་གནང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་ལ།  སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མཉམ་འདྲེས་བྱ་རྒྱུ་ནི་མཚོ་སྔོན་གྱི་ཕྲག་ཏུ་འཁུར་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཐོག་མཐའ་བར་གསུམ་དུ་ཡིད་ལ་དམ་པོར་བཟུང་སྟེ།  རྒྱལ་ཁབ་འཕེལ་རྒྱས་ཁྱོན་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་ནུས་པ་གལ་ཆེན་ངོས་འཛིན་དང་ཁོང་དུ་ཆུད་པར་བྱེད་དགོས་ལ། སྒོ་འབྱེད་ཆེན་པོའི་འདུ་ཤེས་བརྟན་པོ་བཙུགས་ཏེ། རང་འགུལ་གྱིས་རྒྱལ་ཁབ་སྒོ་འབྱེད་ཀྱི་ཁྱོན་ཡོངས་ནང་འདྲེས་པར་བྱེད་དགོས།   སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དང་ཁུལ་གནས། མི་རིགས་སོགས་ཐུན་མོང་མ་ཡིན་པའི་དགེ་མཚན་དེ་ལྟེ་བའི་འགྲན་རྩོད་ནུས་པར་བསྒྱུར་ནས། མཚོ་སྔོན་གྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་ནུས་ཤུགས་ཡོད་རྒུས་མངོན་དགོས།  ཕྱི་ཕྱོགས་སྤེལ་རེས་དང་འགྲོ་འོང་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས། ཕྱི་ཕྱོགས་སྒོ་འབྱེད་ཀྱི“གྲོགས་ཚོམས”ཟམ་མི་ཆད་པར་རྒྱ་སྐྱེད་གཏོང་དགོས་པ་དང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། ཁྲོམ་རའི་བྱེད་པོ་ཁག་མཚོ་སྔོན་དུ་རྟོག་ཞིབ་དང་ངོ་འཕྲད་གྲོས་མོལ་བྱེད་པར་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་མཐུན་རྐྱེན་བསྐྲུན་དགོས། ཞིང་ཆེན་སྲིད་གྲོས་ཀྱིས་གྲོས་མོལ་གྲུབ་འབྲས་ཀྱི་རྗེས་འདེད་འབྲེལ་མཐུད་བྱ་བ་ནན་ཏན་གྱིས་ལེགས་པར་བསྒྲུབ་དགོས་ལ། བསམ་འཆར་དང་གྲོས་གཞི་གཞན་སྒྱུར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། འགན་སྒྲུབ་ཕན་འབྲས་དེ་ཞིང་ཆེན་ཡོངས་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་མ་ཟད།  ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་དངོས་གཉེར་གྲུབ་འབྲས་ལ་སྐུལ་སྤེལ་གཏོང་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།