མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས། ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས། གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཟླ11པའི་ཚེས17ཉིན་ཟི་ལིང་ནས་འཚོག་རྒྱུའི་ཐག་བཅད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ཞབས་སུང་ཀྲུང་ཧྲན་འཁྲུངས་ནས་ལོ160འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། སྐུ་ཞབས་སུང་ཀྲུང་ཧྲན་གྱི་རྩ་ཆེའི་སྙིང་སྟོབས་རྒྱུན་འཛིན་དང་སློབ་སྦྱོང་། དར་སྤེལ་བཅས་བྱེད་དགོས་ལ། རྒྱལ་གཅེས་དང་ཏང་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་དང་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས། མི་དམངས་བླ་ན་མེད་པ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་གྲོང་ཁྱེར་ཆུས་ཀྱི་དམངས་ཆེན་འཐུས་མིའི་སྐབས་བརྗེའི་འདེམས་བསྐོའི་སྟེང་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱི་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བཅས་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། དམངས་གཙོའི་འདེམས་བསྐོ་དང་དམངས་གཙོའི་གྲོས་མོལ། དམངས་གཙོའི་ཇུས་ཆོད། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ཀྱི་གོ་རིམ་ཆ་ཚང་འབྲེལ་མཐུད་བྱས་ཏེ། རང་རྟོགས་ཀྱིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་དགོས། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་དམངས་ཆེན་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ཏན་ཏིག་གིས་ལེགས་པོར་སྒྲུབ་པ་དང་། མཉམ་འབྲེལ་རྟོག་ཞིབ་དང་ཞིབ་བཤེར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འདེམས་བསྐོའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱས་ནས། མི་དམངས་ཀྱི་ཡིད་ཚིམ་པའི་འཐུས་མི་འདེམས་ཐུབ་པར་འགན་ལེན་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ། མཚོ་སྔོན་གྱི་རྒྱལ་ཡོངས་འཕེལ་རྒྱས་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་ངེས་གནས་ལ་གཞི་བཙུགས་ནས། ཆབ་སྲིད་ལ་དང་དོད་ཀྱི་མཐོ་ཚད་ནས་བདེ་འཇགས་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་འཁུར་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱེད་པ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱེད་པ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་འགན་སྲུང་བྱེད་དགོས།

གྲོས་ཚོགས་སྟེང་ཀྲུང་གུང་ཀྲུང་དབྱང་གི《ཏང་གི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་འཐུས་མི་འདེམས་བསྐོའི་ལས་དོན་སྐོར་གྱི་བརྡ་སྦྱོར》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ནན་དཀྲི་བྱས་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ཚགས་དམ་པའི་བཀོད་སྒྲིག་བྱས་ལ། ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་སྤྱོད་ཚུལ་ནན་མོར་བརྟེན་ནས་ཚོགས་ཆེན་ཉེར་གཅིག་པའི་འཐུས་མིའི་འདེམས་བསྐོའི་ལས་དོན་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས། འདེམས་བསྐོའི་སྒྲིག་ཁྲིམས་བཅས་གཟབ་ནན་བྱས་ཏེ། འདེམས་མིའི་ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ། སྤྱོད་ཚུལ་གྱི་འགག་སྒོ་བཅས་ནན་སྲུང་དང་། འཐུས་མིའི་འདེམས་བསྐོའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཚོགས་ཆེན་ཉེར་གཅིག་པར་བདམས་ཐོན་བྱུང་བའི་འཐུས་མིའི་བྱང་ཚད་མཐོ་བ་དང་གྲུབ་ཚུལ་ལུགས་མཐུན་ཡིན་པ། ཁྱབ་རྒྱ་ཆེ་བ། ཏང་ཡོན་གྱི་གོང་བཀུར་ཐོབ་པ་བཅས་ལ་འགན་ལེན་ཏན་ཏིག་བྱེད་དགོས།

གྲོས་ཚོགས་སྟེང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།