ལུའོ་ཏུང་ཁྲོན་གྱིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཧོང་ཞའོ་ཝེ་ལ་ཐུག་འཕྲད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧོང་ཞའོ་ཝེ་འཁོར་དང་བཅས་པར་ཐུག་འཕྲད་བྱས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཧོང་ཞའོ་ཝེ་འཁོར་དང་བཅས་པ་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས་ཤིང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་མཚོ་སྔོན་གྱི་བུད་མེད་དང་བྱིས་པའི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་དོ་ཁུར་མཛུབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་པའི་འགག་རྩའི་དུས་སྐབས་ཤིག་རེད། དེང་སྐབས་མཚོ་སྔོན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་། བུད་མེད་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ། མཚོ་སྔོན་གྱི་བུད་མེད་དང་བྱིས་པའི་བྱ་གཞག་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྔར་ལས་འཕེལ་རྒྱས་ཆེན་པོ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། བུད་མེད་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། བུད་མེད་ཀྱི་གྲངས་འཛིན་བྱང་ཚད་སློབ་གསོ་དང་རྩལ་ནུས་གསོ་སྦྱོང་གཏིང་ཟབ་ཏུ་གཏོང་བ། ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་མཛུབ་སྟོན་དང་རྒྱབ་སྐྱོར་སྔར་ལས་མང་པོ་བྱས་ཏེ། མཚོ་སྔོན་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་དོན་གྱི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ཚོའི“བུད་མེད་གནམ་གྱི་ཕྱེད་ཀ”ཡིན་པའི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཐབ་ལམ་གསར་པར་འབད་འབུངས་ཡར་བརྩོན་བྱ་ཆེད་བུད་མེད་ཀྱི་བྱས་རྗེས་སྔར་ལས་མང་པོ་འབུལ་རྒྱུའི་རེ་བ་ཡོད།

ཧོང་ཞའོ་ཝེ་ཡིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བུད་མེད་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་དང་། དེ་བཞིན་ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལ་མཐོང་ཆེན་བྱ་རྒྱུའི་སྐོར་གྱིི་རྒྱས་བཤད་གལ་ཆེན་དང་ཟུང་འབྲེལ་བྱས་ནས། ཏང་དང་སྲིད་གཞུང་གིས་བུད་མེད་མང་ཚོགས་ལ་འབྲེལ་བ་བྱེད་པའི་ཟམ་པ་དང་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། མཚོ་སྔོན་གྱི་མི་རིགས་མང་པོ་འདུས་སྡོད་དང་ས་རྒྱ་ཆེ་བ། འབྲོག་ཁུལ་གྱི་ཞབས་ཞུའི་ནུས་པ་ཅུང་ཆེ་བ་བཅས་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་དམིགས་ཏེ། འབྲོག་ཁུལ་བུད་མེད་ཀྱི་བདེ་ཐང་གི་བྱང་ཚད་ཇེ་ལེགས་སུ་གཏོང་བ་དང་། བུད་མེད་ཀྱི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཁྱིམ་ཚང་དང་ཁྱིམ་ཚང་གི་སློབ་གསོ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལ་ཤུགས་བརྒྱབ་ནས་གཞི་རིམ་བཅོས་སྐྱོང་ལ་རམ་འདེགས་བྱེད་པ། མཚོ་སྔོན་གྱི་བུད་མེད་སྤུས་རྟགས་ཕྱི་ཕྱོགས་སུ་འགྲེམ་སྟོན་དང་བསམ་བློ་བརྗེ་རེས་འཕེལ་རྒྱས་སོགས་རྒྱ་བསྐྱེད་དེ། མཚོ་སྔོན་གྱི་བུད་མེད་དང་བྱིས་པའི་ཁྱིམ་ཚང་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། དུས་རབས་གསར་པའི་མཚོ་སྔོན་གྱི་བུད་མེད་དང་བྱིས་པའི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས།  

ཝང་ཏ་ནན་དང་ཝང་ཧའེ་ཧུང་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།