ཟླ11པའི་ཚེས11ཉིན་ནས་ཚེས12ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཀྲུའུ་ཀི་ཡུས་ཅེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་བཤད་བྱས་པ་མ་ཟད་རྟོག་ཞིབ་བཞུགས་མོལ་བྱས་ཏེ་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་བླངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ། དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་འགན་འཁྲི་འཁུར་དགོས།
ལུའོ་ཏུང་ཁྲོན་དང་ཀྲུའུ་ཀི་ཡུས་ཅེ་སྔ་རྗེས་སུ་ན་གོར་མོ་ཁྲ་འར་ཧན་ཚྭ་མཚོ་དང་། གཏེར་ལེན་ཁའི་འོད་ཚ་གློག་འདོན་དང་ནུས་ཁུངས་གསར་པའི་སྒྲིག་ཆས་བཟོ་སྐྲུན་ལས་གཞིའི་ཡུལ་དངོས་དང་། ཁི་ལུའུ་ཁི་གྲོང་རྡལ་གློག་བརྙན་འཕྲིན་རིག་གནས་ཡུལ་སྐོར་རྟེན་གཞི། ཚྭ་འདམ་ཆེ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་ལྟེ་བའི་སློབ་གྲྭར་བསྐྱོད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བསྐྱར་དྲན་བྱས་པ་དང་། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་དང་། འོད་ཚ་ཐོན་ལས་འཕེལ་རྒྱས། རིག་གནས་ཡུལ་སྐོར་མཉམ་འདྲེས་གསར་གཏོད་དང་། ས་ཡོམ་གནོད་ཤུལ་བསྐྱར་སྐྲུན་སོགས་ཀྱི་གནས་ཚུལ་བཅས་ལ་རྟོག་ཞིབ་བྱས་ཏེ་བསྟན་དོན། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བར་དམིགས་ཏེ། ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད། ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོབ་བཅས་ལ་ཤུགས་སྣོན་དང་། ཁེ་ལས་ཀྱིས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་ཀྱི་སྣེ་ཁྲིད་མཁན་ལེགས་པོ་དང་། ཐོན་ལས་ཀྱི་རྨང་གཞི་མཐོ་རུ་གཏོང་བའི་འདེགས་སྐྱོར་མཁན། ཐོན་ལས་མཉམ་སྒྲུབ་གསར་གཏོད་སྒྲིག་འཛུགས་མཁན་བཅས་བྱེད་པར་རྒྱབ་སྐྱོར་བྱས་ནས། ཚྭ་མཚོའི་ཐོན་ལས་འདུས་ཚོགས་རྒྱུན་མཐུད་ངང་སྟོབས་ཆེར་གཏོང་དགོས། ལས་གཞི་འཛུགས་སྐྲུན་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། འོད་ཚ་ཐོན་ཁུངས་གཞི་ཁྱོན་ཅན་དུ་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། སྟོད་སྨད་རྒྱུད་ཀྱི་ཐོན་ལས་མཐུན་སྦྱོར་བཀོད་པར་ཤུགས་བསྣན་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་ལ་ནུས་པ་སྩོལ་དགོས། རིག་གནས་དང་སྐྱེ་ཁམས། ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ལས་རྣམ་གསར་པ་ཞིབ་ཕྲའི་སྒོ་ནས་ལེགས་པར་བསྒྲུབ་སྟེ། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་རྒྱུན་མཐུད་ངང་སྐུལ་ཁྲིད་བྱ་དགོས། ས་ཡོམ་གནོད་ཤུལ་སླར་གསོ་བསྐྱར་སྐྲུན་མུ་མཐུད་དུ་ལེགས་པར་བསྒྲུབ་པ་དང་། ཡོམ་འགོག་གནོད་འཕྲི་བྱ་བ་སོ་སོ་རྒྱུན་ལྡན་ཅན་དུ་འགྱུར་བར་བྱས་ནས་གནོད་འཚེའི་བདེ་འཇགས་འགན་སྲུང་དྲ་བ་བརྟན་པོར་འཛུགས་དགོས།
མཚོ་ནུབ་ཁུལ་དང་དེ་བཞིན་རྫོང་དང་གྲོང་ཁྱེར། ཆུས་བཅས་སོ་སོའི་བྱ་བའི་སྙན་ཞུར་ཉན་རྗེས། ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་བློ་ཐག་རྦད་ཆོད་ཀྱིས་འཁུར་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕན་མཐོའི་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་དྲ་བ་གང་མགྱོགས་ངང་འཛུགས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས། ཐོན་ལས“གནས་བཞིའི”འཛུགས་སྐྲུན་གྱི་དམིགས་འབེན་གཏན་འཁེལ་བྱེད་པ་དང་། ཚྭ་མཚོའི་ཐོན་ལས་རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དག་གཙང་ནུས་ཁུངས་ཀྱི་ཐོན་ལས་སྟོབས་ལྡན་དང་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། ལྗང་མདོག་རྩིས་གློག་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་དགོས། སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་དང་སྤུས་རྟགས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་སྤུས་འདེགས་དང་རྒྱ་སྐྱེད་ཇེ་མགྱོགས་སུ་གཏོང་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱ་དགོས། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཏན་ཏིག་བྱ་དགོས། རིགས་སོ་སོའི་མང་ཚོགས་གོམ་སྟབས་བརྟན་པོའི་ངང་ཐུན་མོང་གིས་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱ་དགོས། མི་རིགས་ཆོས་ལུགས་བྱ་བ་ཏན་ཏིག་ངང་ལེགས་པར་བསྒྲུབ་ནས། རིགས་སོ་སོ་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་སྤེལ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་མདུན་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་བཟང་པོས“སྐྱེ་ཁམས་གཉིས”སྲུང་སྐྱོང་བྱས་ཏེ། ཏང་ཡོན་ལས་བྱེད་པར་དུས་ཀྱིས་མི་སྒུག་པའི་བསམ་པའི་འཁྱེར་ཕྱོགས་ཀྱིས་བྱས་རྗེས་འཇོག་པར་སྐུལ་མ་གཏོང་བ་དང་། དེང་རབས་ཅན་གྱི་མཚོ་ནུབ་ཀྱི་རྒྱུགས་ལན་གསར་པ་ནུས་ཤུགས་ཡོད་རྒུས་འབྲི་དགོས།
ཀྲུའུ་ཀི་ཡུས་ཅེ་ཡིས་བསྟན་དོན། མཚོ་ནུབ་ཀྱི་སྐྱེ་ཁམས་གནས་བབ་གལ་ཆེན་དང་། ཐོན་ཁུངས་ཀྱི་དགེ་མཚན་འབུར་ཐོན། འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེ་བ་ཡོད། མཚོ་སྔོན་གྱི་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་སྲུང་སྐྱོབ་དམ་འཛིན་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་མཐའ་ནན་སྲུང་བྱས་ཏེ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་དགོས། བློ་བརྟན་འགྱུར་མེད་སྒོས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐོན་ཁུངས་བསྡུ་སྒྲིལ་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས། ཐོན་ལས་ཚུལ་སྒྱུར་རིམ་སྤར་དང་མཐོ་སྒང་གི་ཚད་གཞིའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། སྤུས་ལེགས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་དང་དམངས་ཕྱུག་དམངས་དར་ཐད་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་ངང་མི་རིགས་ཁག་གི་མང་ཚོགས་ལ་ཕན་ཐོགས་པར་བྱེད་དགོས།
རྟོག་ཞིབ་སྐབས་སུ། ལུའོ་ཏུང་ཁྲོན་དང་ཀྲུའུ་ཀི་ཡུས་ཅེ་ཡིས་ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་མིར་འཚམས་འདྲི་བྱས།
ལིའུ་མེ་ཕེན་དང་། ལིའུ་ཐའོ་རྟོག་ཞིབ་ཁྲོད་ཞུགས།