ཟླ11པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཀྲུའུ་ཀི་ཡུས་ཅེ་ཡིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་གཙོ་བོའི་བདེ་འཇས་ཉེན་ཁ་འགོག་ཟོན་བྱ་བའི་ཆེད་དོན་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཉེན་ཁ་གཙོ་བོ་འགོག་ཟོན་དང་ཐག་གཅོད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་གཙོ་བོའི་བདེ་འཇགས་ཉེན་ཁ་འགོག་ཟོན་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།
ཀྲུའུ་ཀི་ཡུས་ཅེ་ཡིས་བསྟན་དོན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མཐོ་བ་རྒྱུན་འཁྱོངས་བྱེད་པ། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཉེན་ཁ་འགོག་ཟོན་བྱ་བའི་གལ་ཆེན་རང་བཞིན་ལ་རྒྱུས་ལོན་ཟབ་མོ་བྱེད་པ། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། ཚད་མཐའི་བསམ་གཞིགས་བརྟན་པོ་ཆགས་པར་བྱེད་པ། ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། སྔར་ལས་ནུས་ལྡན་སྒོས་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་འགོག་ཟོན་དང་ཐག་གཅོད་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་དགེ་མཚན་ལྡན་པའི་མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས།
ཀྲུའུ་ཀི་ཡུས་ཅེ་ཡིས་ནན་གྱིས་བསྟན་དོན། ངེས་པར་དུ་བདེ་འཇགས་ཉེན་ཁ་འགོག་ཟོན་གྱི་བྱ་བ་སྣ་ཚོགས་དམ་འཛིན་ལེགས་པོ་བྱས་ཏེ། ཕྱོགས་ཡོངས་ནས་བདེ་འཇགས་ཉེན་ཁ་དོ་དམ་ཚོད་འཛིན་གྱི་འགོག་ར་བརྟན་པོར་འཛུགས་དགོས། གཏེར་རི་དང་མེ་ཟོན། ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས། འགྲིམ་འགྲུལ་བདེ་འཇགས། མཁར་གྲོང་གི་སོལ་རླངས། ཤོག་སྦག་སོགས་ཁྱབ་ཁོངས་གཙོ་བོར་དམ་པོར་དམིགས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་ལག་མཉམ་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། བློ་བརྟན་འགྱུར་མེད་སྒོས་དོན་རྐྱེན་ཚབས་ཆེན་འབྱུང་བ་སྔོན་འགོག་བྱེད་དགོས། ཡོམ་འགོག་གནོད་འཕྲི་དང་ས་གཤིས་གནོད་འཚེ་འགོག་བཅོས། གནམ་གཤིས་ངན་པར་ཁ་གཏད་འཇལ་བ། འཁྱགས་རོམ་དང་མཚེའུ་ཡི་ལྟ་ཞིབ་ཚད་ལེན། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་སོགས་བྱ་བ་གཙོ་བོར་དམིགས་ནས་འཕྲལ་བསྟུན་སྔོན་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། དང་ལེན་རྐྱེན་སྲོལ་དོན་འཁྱོལ་བྱས་ཏེ་རང་བྱུང་གནོད་འཚེ་འགོག་ཟོན་དང་ཁ་གཏད་འཇལ་བའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། སྤྱི་པའི་བདེ་འཇགས་ཁྱབ་ཁོངས་ཀྱི་ཉེན་ཁར་དམིགས་ནས་སྤྱི་ཚོགས་བདེ་འཇགས་ཀྱི་སྤྱིའི་སྔོན་འགོག་ཚོད་འཛིན་ནུས་པ་ཆེ་རུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་ཉེན་ཁ་སྔོན་འགོག་ཚོད་འཛིན་ནུས་པའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། རིག་གནས་དང་ལུས་རྩལ། ཡུལ་སྐོར་བཅས་ཀྱི་བདེ་འཇགས་དོ་དམ་གཅིག་འདོམས་སྒོས་དམ་འཛིན་བཅས་བྱས་ཏེ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་རྣམ་པ་དེ་དོན་དག་མ་བྱུང་སྔོན་ལ་སྔོན་འགོག་བྱེད་པའི་ཕྱོགས་སུ་ཚུལ་སྒྱུར་བྱེད་དགོས།
ཀྲུའུ་ཀི་ཡུས་ཅེ་ཡིས་ནན་གྱིས་བསྟན་དོན། ཁོངས་གཏོགས་ས་ཁུལ་གྱི་དོ་དམ་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་ཇེ་དྲག་ཏུ་གཏོང་བ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། ལྟ་སྐུལ་དོ་དམ་གྱི་ཕན་ནུས་རང་བཞིན་དང་ཁྲིམས་བསྟར་གྱི་ཟིལ་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་ཁ་གསལ་དང་གནད་དོན་གསལ་བོ། བྱེད་ཐབས་ཞིབ་ཕྲ། ལྟ་སྐུལ་དོ་དམ་ནན་མོ་བཅས་ཡོང་བར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་གཏན་འཇགས་ལ་སྲུང་སྐྱོང་བྱེད་དགོས།
ཀྲང་ཅིན་ཀང་དང་ལིའུ་ཐའོ། དབྱང་ཀྲི་ཝུན། ལི་ཧུང་ཡ། ཝང་ཧའེ་ཧུང་བཅས་ཚོགས་འདུར་ཞུགས།