ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རིང་མཚོ་སྔོན་གྱི་དངུལ་རྩའི་སྡོམ་འབོར་བརྟན་ཐོག་ཡར་འཕེལ་བྱུང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

གསར་འགོད་པས་ཀྲུང་གོའི་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཟླ11པའི་ཚེས11ཉིན་བསྡུས་པའི2026ལོའི་གསར་འགྱུར་་སྒྲོག་སྤེལ་ཚོགས་འདུ་ཐེངས་བཞི་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རིང་། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་འཁོར་སྐྱོད་བརྟན་ཞིང་གོ་རིམ་ལྡན་ལ། གཙོ་གནད་ཁྱབ་ཁོངས་དང་ལྷུ་ཚིགས་ཞན་སར་དངུལ་རྩའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ་དང་། དངུལ་རྩའི“རྩོམ་ཡིག་ཆེན་པོ་ལྔ”ལ་སྐུལ་འདེད་ནུས་ལྡན་བཏང་ཞིང་། ཕྱི་དངུལ་ཁྲོམ་རའི་མཁོ་སྤྲོད་གཞི་རྩའི་ཆ་ནས་དོ་སྙོམས་བྱུང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངུལ་རྩའི་འདེགས་སྐྱོར་ལེགས་པོ་མཁོ་འདོན་བྱས།

ཀྲུང་གོའི་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་བརྟག་དཔྱད་སྡོམ་རྩིས་ཁྲུའུ་ཡི་ཁྲུའུ་ཀྲང་། ཡན་ཡུང་ཅིན་གྱིས་བཤད་རྒྱུར།

མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩའི་སྡོམ་འབོར་བརྟན་ཐོག་ཡར་འཕེལ་ཡིན་ལ། ཟླ9པའི་ཟླ་མཇུག་ཏུ། མཚོ་སྔོན་ཞིང་ཆེན་གྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་སོ་སོའི་ལྷག་གྲངས་སྒོར་ཁྲག་ཁྲིག་བརྒྱད་ཐེར་ཆེན་གཉིས་ཐེར་འབུམ་བཞི་དུང་ཕྱུར་གཅིག་དང་བྱེ་བ་བཞི་ཡོད་པ་དེ་ན་ནིང་གི་དུས་མཉམ་ལས1.9%འཕར་བ་དང་། དུས་ཚིགས་སྔོན་མ་གསུམ་གྱི་རིང་སྒོར་ཐེར་འབུམ་བརྒྱད་དུང་ཕྱུར་གཉིས་དང་བྱེ་བ་དྲུག་འཕར་སྣོན་བྱུང་། མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་སོ་སོའི་ལྷག་གྲངས་སྒོར་ཁྲག་ཁྲིག་བརྒྱད་ཐེར་ཆེན་བརྒྱད་ཐེར་འབུམ་བཞི་ཡོད་པ་དེ་ན་ནིང་གི་དུས་མཉམ་ལས2.8%འཕར་བ་དང་། དུས་ཚིགས་སྔོན་མ་གསུམ་ལ་སྒོར་ཐེར་ཆེན་གཅིག་ཐེར་འབུམ་བརྒྱད་དུང་ཕྱུར་བཞི་དང་བྱེ་བ་བཞི་འཕར་སྣོན་བྱུང་།

དུས་ཚིགས་སྔོན་མ་གསུམ་གྱི་རིང་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཁྱབ་ཁོངས་དང་ལྷུ་ཚིགས་ཞན་སར་དངུལ་རྩའི་རྒྱབ་སྐྱོར་བྱེད་ཚད་ཇེ་བརྟན་དུ་ཕྱིན་ཡོད། ཞིང་འབྲེལ་དངུལ་བུན་བརྟན་པོའི་ངང་འཕར་ནས་ཟླ9པའི་ཟླ་མཇུག་ཏུ་ལྷག་གྲངས་སྒོར་ཁྲག་ཁྲིག་གཅིག་ཐེར་ཆེན་ལྔ་ཐེར་འབུམ་བརྒྱད་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ཡོད་ལ་དེ་ན་ནིང་གི་དུས་མཉམ་ལས3.2%འཕར། ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་དངུལ་བུན་འཕར་ཚད་ཅུང་མགྱོགས་ཤིང་། ཡིད་རྟོན་དངུལ་བུན་གྱིས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་། ཀུན་ཕན་ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་ཁྱབ་རྒྱ་ཆེ་རུ་བཏང་སྟེ། ཀུན་ཕན་གྱི་དངུལ་བུན་ཆུང་གྲས་ཀྱི་ལྷག་གྲངས་སྒོར་ཐེར་ཆེན་ལྔ་ཐེར་འབུམ་དྲུག་དུང་ཕྱུར་ལྔ་ཡོད་ལ། དེ་ན་ནིང་གི་དུས་མཉམ་ལས7.0%འཕར། ཁྱིམ་ཚང་གི་འཛད་སྤྱོད་དངུལ་བུན་འཕར་སྟངས་རྒྱུན་འཁྱོངས་བྱས་པ་ཅུང་ལེགས་པ་དང་། ཟླ9པའི་ཟླ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་གི་དངུལ་བུན་ལྷག་གྲངས་སྒོར་ཁྲག་ཁྲིག་གཉིས་ཐེར་ཆེན་གཅིག་ཐེར་འབུམ་དགུ་དུང་ཕྱུར་བདུན་དང་བྱེ་བ་དགུ་ཡོད་ལ་དེ་ན་ནིང་གི་དུས་མཉམ་ལས15.8%འཕར།

ཀྲུང་གོའི་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་ཡིད་རྟོན་དངུལ་བུན་སྲིད་ཇུས་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ། ཅང་ཝུན་ཝུན་གྱིས་བཤད་རྒྱུར།

མཚོ་སྔོན་གྱི“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང་ཐོན་ལས“གནས་བཞིའི”འཛུགས་སྐྲུན་དམིགས་འབེན་ལ་གཞི་ཚུགས་ཏེ། བྱ་བའི་སྤྱི་འདོམས་དང་སྲིད་ཇུས་དོན་འཁྱོལ་ལ་མུ་མཐུད་དུ་ཤུགས་སྣོན་བྱས་པ་ཡིན་ལ། ཟླ9པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི“རྩོམ་ཡིག་ཆེན་པོ་ལྔའི”དངུལ་བུན་ལྷག་གྲངས་ཀྱིས་དངུལ་བུན་ལྷག་གྲངས་ཡོངས་ཀྱི43.4%ཟིན།

དངུལ་རྩའི“རྩོམ་ཡིག་ཆེན་པོ་ལྔ”ལ་སྐུལ་འདེད་གཏོང་བའི་ཐད། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཀོད་ཀྱི་དངུལ་བུན་ལྷག་གྲངས་སྒོར་ཐེར་འབུམ་བཞི་དུང་ཕྱུར་ལྔ་དང་བྱེ་བ་ལྔ་ཟིན་ལ། ཟླ9པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ཀྱི་ཐཱན་ཉུང་གཏོང་གི་དངུལ་བུན་ལྷག་གྲངས་སྒོར་ཁྲག་ཁྲིག་གཅིག་ཐེར་ཆེན་གཉིས་ཐེར་འབུམ་གཉིས་དུང་ཕྱུར་བརྒྱད་དང་བྱེ་བ་དགུ་ཡོད་པ་དང་། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་ཞབས་ཞུའི་ཟླ་བའི་རིང་ཁྱིམ་ཚང་བདུན་སྟོང་གོ་གཅིག་ལ་དངུལ་བུན་སྒོར་ཐེར་འབུམ་གཅིག་དུང་ཕྱུར་བཞི་དང་བྱེ་བ་ལྔ་བཏང་ཞིང་། རིམ་རྩིས་བྱས་ན་རྒན་གསོའི་ཐོན་ལས་ཀྱི་དངུལ་བུན་སྒོར་བྱེ་བ་བཞི་ས་ཡ་བདུན་འབུམ་གཉིས་ཁྲི་བརྒྱད་སྟོང་བདུན་བཏང་། གྲངས་འཛིན་དངུལ་རྩ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། “མཚོ་སྔོན་གྱི་ཡིད་རྟོན་དངུལ་བུན་མཉམ་བསྲེས”སྟེགས་བུས་སྲིད་ཇུས་དོན་ཚན86ཕྱོགས་བསྡུས་བྱས།

དེ་ལས་གཞན། ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རིང་ཞིང་ཆེན་ཡོངས་ཀྱི་ཕྱི་དངུལ་ཁྲོམ་རའི་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་ཡིན། དངུལ་ཁང་གི་ཕྱི་དངུལ་ཉོ་ཚོང་བརྟན་པོ་རྒྱུན་འཁྱོངས་བྱས་ཏེ། ཕྱི་དངུལ་གཙང་ཚོང་གི་གཞི་ཁྱོན་ན་ནིང་གི་དུས་མཉམ་ལས་ཅུང་ཇེ་ཆུང་དུ་ཕྱིན། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་གཏོང་ཡོང་གི་གཞི་ཁྱོན་དེ་ལོ་གསུམ་གྱི་དུས་མཉམ་ལས་ཟིན་ཐོ་གསར་པ་བསྐྲུན་ཏེ། ཡོང་འབབ་རྐྱང་བ་འཕར་སྣོན་ཆེན་པོ་བྱུང་།

 
 
 
 
རྩོམ་སྒྲིག་པ། : ཨ་གཡང་སྐྱིད།