ཟླ11པའི་ཚེས11ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཏུང་ཀོའུ་ཞང་ཙན་ཏྲ་སྡེ་བར་བསྐྱོད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་བཤད་བྱས་པ་དང་། གཞི་རིམ་གྱི་ཏང་འཛུགས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས།
ཙན་ཏྲ་སྡེ་བའི་ཏང་ཀྲི་པུའུ་རུ། མགོན་པོ་བཀྲ་ཤིས་ཀྱིས་སྡེ་བའི་ཏང་ཀྲི་པུའུ་འཛུགས་སྐྲུན་དང་ཉེ་བའི་ལོ་ཤས་རིང་གི་སྡེ་བ་ཡོངས་ཀྱི་འཕེལ་རྒྱས་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཁག་དང་། ཏང་ཡོན་གྱི་འཐུས་མི། མང་ཚོགས་ཀྱི་འཐུས་མི་བཅས་གདན་གཅིག་ཏུ་འཛོམས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་བཤད་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བསྐྱར་སྦྱོང་དང་། སློབ་སྦྱོང་གི་མྱོང་ཚོར་བརྗེ་རེས་བྱས།
མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། གཞི་རིམ་ཏང་རྩ་འཛུགས་ནི་མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་འདེགས་ཞུ་བའི་ལས་ཡུལ་དང་པོ་ཡིན་ལ། ཏང་གིས་སྲིད་དོན་སྐྱོང་བའི་གཡུལ་ས་མདུན་མ་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ད་སྐབས་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། མང་ཚོགས་ཀྱིས་གོ་སླ་བའི་ཡུལ་སྐད་ཀྱི་ལམ་ནས་སྒྲོག་བཤད་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་མི་སེམས་སུ་འཇགས་པར་སྐུལ་འདེད་བཏང་། གཞི་རིམ་གྱི་ཁྲིད་ཕྱོགས་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། བླང་བྱ་ནན་མོ་དེ་ཀྲི་པུའུ་འཛུགས་སྐྱོང་དང་། ཏང་ཡོན་གྱི་སློབ་གསོ་དང་དོ་དམ། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ། གཞི་རིམ་གྱི་འཐབ་འཛིང་མཁར་རྫོང་སྟོབས་ཆེར་གཏོང་དགོས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ། ལས་དོན་ཁག་མང་ཚོགས་ཀྱི་ཁེ་ཕན་དང་གྲོང་གསེབ་འཕེལ་རྒྱས་ལ་དམ་པོར་དམིགས་ནས་ཇུས་འགོད་དང་སྐུལ་འདེད་གཏོང་དགོས། ད་ལྟའི་མཚོ་སྔོན་ནི་མདུན་ལམ་ཆེན་པོ་ཡོད་པ་དང་རྒྱལ་ཁབ་ལ་བྱས་རྗེས་འཇོག་ཐུབ་པའི་དུས་མཚམས་གལ་ཆེན་ཞིག་ཏུ་གནས་ཡོད། གཞི་རིམ་ལས་བྱེད་མང་ཚོགས་ཀྱི་འབད་འབུངས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། དམ་པ་དོན་གཉེར་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས་ལ། འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་པའི་ཕན་འབྲས་ལ་ཞིབ་བཤེར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་གཞི་རིམ་གྱི་རྨང་གཞི་འདིང་དགོས།