མཚོ་སྔོན་གྱིས་མཐོ་སྒང་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་བསྐྲུན་པར་འབད་པ་བྱས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ10པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་མགོ་རྩོམ་པའི་ནང་དོན་གཙོ་བའི་ཕྲེང་བསྟར་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཚན་རྩལ་གསར་གཏོད་ཀྱི་ཆེད་དོན་ཚོགས་འདུ་ལས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཚན་རྩལ་ཐིང་གིས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་བབ་ལ་བརྟེན་ཏེ། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེའི་འགུལ་སྐྱོད་ཆེན་མོ་དགུ་ལག་བསྟར་བྱས་ཏེ། ཚྭ་མཚོ་དང་ལྗང་མདོག་ནུས་གསོག ། མཚོ་བོད་མཐོ་སྒང་གི་ནུས་ཁུངས་དང་གནམ་རིག་དཔྱད་དཔོག ། བོད་སྐད་རིག་ནུས་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ཏེ། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་སྤྱི་སྟེགས་འཛུགས་སྐྲུན་ལ་སྤྱི་འདོམ་སྐུལ་འདེད་བྱས་ཏེ། མཐོ་སྒང་གི་འཐབ་ཇུས་ཚན་རྩལ་ནུས་ཤུགས་ལ་ཁྱོན་ཡོངས་ནས་ཤུགས་བརྒྱབ། 

རང་ཞིང་གིས་ཚན་རྩལ་གསར་གཏོད་ཀྱི་ལམ་ལུགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ་དང་། འབྲེལ་ཡོད་སྲིད་ཇུས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་འཐུས་སྒོ་ཚང་དུ་བཏང་སྟེ།《ཞིང་ཆེན་རིམ་པའི་ཚན་རྩལ་འཆར་གཞི་དོ་དམ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་བསམ་འཆར》དཔར་འགྲེམ་བྱས་ཤིང་། ཚན་རྩལ་གལ་ཆེན་གྱི་དམིགས་བསལ་ལས་གཞི་དང་ཚན་རྩལ་གཙོ་གནད་འཆར་གཞི་རིགས་གཉིས་ལས་གྲུབ་པའི་ཞིང་ཆེན་རིམ་པའི་ཚན་རྩལ་འཆར་གཞིའི་མ་ལག་བཙུགས་པ་ཡིན། ཚན་རྩལ་གསར་གཏོད་ལས་སྟེགས་ཀྱི་མཐོ་རིམ་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། ཞིང་ཆེན་རིམ་པའི་ཚན་རྩལ་གསར་གཏོད་ལས་སྟེགས་དང་རྟེན་གཞིའི་རིམ་པ་གསལ་པོར་བཟོས། ཁེ་ལས་ནི་གསར་གཏོད་ཀྱི་བྱེད་པོ་གཙོ་བོ་ཡིན་པའི་གནས་བབ་མངོན་གསལ་དུ་བཏོན་ཏེ། ཞིང་ཆེན་རིམ་པའི་ཚན་རྩལ་ཅན་གྱི་ཁེ་ལས་ཆུང་འབྲིང་དང་ཞིང་ཆེན་རིམ་པའི་ཚན་རྩལ་སྣེ་ཁྲིད་ཁེ་ལས། རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་བཅས་ཀྱི་རིམ་པ་བཞིན་གསོ་སྐྱོང་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། ཁེ་ལས་ཀྱིས་གཙོ་ཁྲིད་བྱས་ཏེ་གསར་གཏོད་མཉམ་འབྲེལ་ཚོགས་པ་འཛུགས་པར་རྒྱབ་སྐྱོར་བྱས་པ་ཡིན། ཚན་རྩལ་གྲུབ་འབྲས་ཀྱི་མཐུད་སྦྲེལ་བྱས་ཏེ། གྲུབ་འབྲས་བསྒྱུར་བཀོད་ཀྱི་རྟེན་གཞི་ལེགས་སྒྱུར་བྱས་པས། ཚན་རྩལ་གསར་གཏོད་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་བྱུང་བ་ཡིན།

ཞིང་ཆེན་ཚན་རྩལ་ཐིང་གིས་ས་ཁུལ་ཁག་དང་སྡེ་ཚན་ཁག་དང་མཉམ་དུ་མཉམ་ལས་ཤུགས་སྣོན་བརྒྱབ་པ་བརྒྱུད། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་སྟེགས་བུ་ཆེན་པོ་བཅུའི་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལེན་ཧུའུ་གནམ་རིག་རྟོག་ཞིབ་ཞིབ་འཇུག་རྟེན་གཞི་འཛམ་གླིང་རིམ་པའི་གྲས་སུ་ཚུད་ཅིང་། ཨེ་ཤེ་ཡའི་གནམ་རིག་རྟོག་ཞིབ་བྱེད་སའི་གནས་ཡུལ་ཆེ་ཤོས་སུ་གྱུར་ཡོད། མིས་བཟོས་རིག་ནུས་ཀྱིས་ནུས་པ་འདོན་སྤེལ་བྱས་པའི་གནམ་དཔྱད་རིག་པའི་སྒོ་འབྱེད་རང་བཞིན་གྱི་ཚན་རིག་ཚོགས་འདུ་ཐེངས་གཉིས་པ་བདེ་བླག་ངང་འཚོགས་པ་དེས། རྟེན་གཞིའི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་སྔར་བས་མཐོ་རུ་བཏང་ཡོད། བོད་སྐད་རིག་ནུས་རྒྱལ་ཁབ་ཀྱི་གནད་ཆེའི་ཚོད་ལྟ་ཁང་གིས་ཞིབ་འཇུག་གསར་བཟོ་བྱས་པའི་རིག་གཏེར་ཞེས་པའི་དཔེ་རྣམ་ཆེན་པོ་དེ་རྒྱལ་ཁབ་དྲ་རྒྱ་དང་ཆ་འཕྲིན་གཞུང་ལས་ཁང་གི་ཐོ་འགོད་བརྒྱུད་དེ་པེ་ཅིང་དུ་ཁྱབ་བསྒྲགས་བྱས་པ་དང་། ཚྭ་མཚོའི་ཐོན་ཁུངས་ལྗང་མདོག་དང་རིན་ཐང་མཐོ་བའི་བེད་སྤྱོད་གནད་ཆེའི་ཚོད་ལྟ་ཁང་གི་ཚན་རྩལ་གྲུབ་འབྲས་མང་པོ་ཐོན་སྐྱེད་དངོས་སུ་བསྒྱུར་བས། ཁེ་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ཡོད། ནུས་པ་ཕན་ཚུན་ཁ་གསབ་དང་ལྗང་མདོག་ནུས་གསོག་གི་གནད་ཆེའི་ཚོད་ལྟ་ཁང་གིས་རང་བརྟེན་ཞིབ་འཇུག་གསར་བཟོ་བྱས་པའི་འོད་ནུས་དང་གློག་ནུས་མཉམ་བསྡེབས་གློག་འདོན་འཕྲུལ་འཁོར་དེ་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས2026ལོའི་ལོ་འཁོར་གྱི་ནུས་རྒྱུའི་ཁྱབ་ཁོངས་ཀྱི་ཐོན་རྫས་དང་འཕྲུལ་ཆས་གལ་ཆེན་ཐོག་མའི་མིང་ཐོའི་ནང་བདམས་ཐོན་བྱུང་ཡོད། མཚོ་བོད་མཐོ་སྒང་རྒྱལ་ཁབ་ཐོན་ཁུངས་མཛོད་ཀྱིས་རྒྱལ་ཁབ་རིམ་པའི་ཐོན་ཁུངས་སྟེགས་བུ་ཁག་དང་མཉམ་འབྲེལ་བྱས་ཏེ། ཕྱི་ཕྱོགས་སུ་ཐོན་ཁུངས་ཀྱི་ཆ་འཕྲིན་ཁྲི25ལྷག་ཙམ་ཁྱབ་བསྒྲགས་བྱས་ཡོད། གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་མོའི་གཞི་རྩའི་གནས་བབ་དང་མཚོ་བོད་མཐོ་སྒང་གི་གཞི་གྲངས་ཆེན་མོ་བཀོལ་སྤྱོད་ལྟེ་གནས་ཀྱིས་རྒྱུན་མཐུད་དེ་རྒྱལ་སྤྱིའི་དབང་གྲགས་ལྡན་པའི་སྒྲིག་གཞི་ཁག་ལ་བརྟག་དཔྱད་ཀྱི་གཞི་གྲངས་འབུལ་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བཅོས་སྐྱོང་ནང་གཏིང་ཟབ་པོས་ཞུགས་བཞིན་ཡོད།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།