ཟླ11པའི་ཚེས5ཉིན་ནས་ཚེས10ཉིན་བར། སྐབས་དགུ་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཧྲང་ཧའེ་རུ་སྤེལ། མཚོ་སྔོན་ཞིང་ཆེན་གྱིས་ཉོ་ཚོང་ཚོགས་པ་སྒྲིག་པ་དང་། ཁེ་ལས172དང་མི292འགྲེམ་སྟོན་ཁྲོད་ཞུགས། ནང་འདྲེན་དངོས་མང་འགྲེམ་སྟོན་གྱི་སྟེགས་བུ་དང་། ཐོན་རྫས་འགྲེམ་སྟོན་བྱེད་པ། རྣམ་གྲངས་ལ་གན་རྒྱ་འཇོག་པ། དཔལ་འབྱོར་ཉོ་ཚོང་བཅས་ལ་བརྟེན་ནས་ས་ཚིགས་མང་པོ་ནས་མཉམ་གཅིག་ཏུ་སྤེལ་ཏེ་མཉམ་ལས་ཀྱི་ཕན་འབྲས་ཐོབ་ཞིང་། “འགྲེམས་རྫས་དག་ཚོང་ཟོག་ཏུ་འགྱུར་བ་དང་། འགྲེམས་ཚོང་དངུལ་འཇོག་ཚོང་པར་འགྱུར་བ། སྤེལ་རེས་མཉམ་ལས་སུ་འགྱུར་བ”བཅས་ཀྱི་རེ་འདུན་དང་དམིགས་འདུན་མངོན་འགྱུར་འབྱུང་བར་སྐུལ་འདེད་བཏང་།
སྐབས་འདིའི་འགྲེམས་ཚོགས་སྟེང་རང་རེའི་ཞིང་ཆེན་གྱིས་ཆེ་ཆུང་ལ་སྨི་གྲུ་བཞི་མ216ཡོད་པའི“རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན”ཞེས་པའི་ཁྱད་ཆོས་ལྡན་པའི་མཚོ་སྔོན་གྱི་འགྲེམ་ཁང་བཙུགས་ཤིང་། འགྲེམས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8ཀྱི་ཁེ་ལས30ཡི་དངོས་རྫས་རིགས180ལྷག “མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས”རིགས90ལྷག་འདུས། འགྲེམས་ཚོགས་སྔོན་གྱི་ཉིན་བཞིའི་རིང་། ཐོན་རྫས་ཕྱིར་ཚོང་དང་ཚོང་ཟོག་མངག་ཐོ་སྒོར་ཁྲི120ལྷག་མངོན་འགྱུར་བྱུང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཧྲང་ཧའེ་ཡི་ལས་བྱེད་པས་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱེད་པའི་འབྲེལ་གཏུག་ཚོགས་ཆུང་དང་། ཤར་ཕྱོགས་བརྙན་འཕྲིན་ཁང་དང་མཉམ་འབྲེལ་བྱས་ཏེ་དུས་མཉམ་དུ་ཐད་གཏོང་ཟོག་ཚོང་བྱས་ནས་ས་མཐོའི་ཐོན་རྫས་ཀྱི་དྲ་ཐོག་འཚོང་ལམ་སྔར་བས་རྒྱ་ཆེར་བཏང་།
འགྲེམས་ཚོགས་སྐབས་སུ། “མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”ཞེས་པའི་ཞིང་ཆེན་རིམ་པའི་སྤྱི་པའི་ཟོང་རྟགས་ནང་འདྲེན་འགྲེམས་ཚོགས་ཀྱི་ཆེད་དོན་འོས་སྦྱོར་བྱེད་སྒོའི་སྟེང་ཐེངས་དང་པོར་ཞུགས་པ་དང་། མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་དེ་ཀུན་གྱིས་དོ་ཁུར་བྱེད་ས་གཙོ་བོ་ཞིག་ཏུ་གྱུར། ནུབ་རྒྱུད་གཏེར་ལས་ཚོགས་པ་དང་རྒྱལ་ཁོངས་ཕྱི་འགྲེམས་ཞུགས་ཚོང་པའི་བར་སྒོར་དུང་ཕྱུར3གྱི་ཞ་ཉེ་མ་བཅོས་རྒྱུ་ཆ་ནང་འདྲེན་བྱེད་པའི་མཉམ་ལས་གྲོས་མཐུན་བཞག་སྟེ། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ནང་འདྲེན་ལ་སྐུལ་ཁྲིད་ནུས་ལྡན་བྱས། མཚོ་སྔོན་ཉོ་ཚོང་ཚོགས་པའི་ཁེ་ལས་མང་པོས་ཀྲེང་ཏ་ཚོགས་པ་དང་། ཁ་ན་ཏ། མ་ལེ་ཞི་ཡ། པར་ཙིར་སོགས་རྒྱལ་ཁབ་ཕྱི་ནང་གི་ཚོང་པ་དང་མཉམ་དུ་རྟོག་ཞིབ་དང་། ཐོན་རྫས་འདེམས་པའི་མཉམ་ལས་གྲོས་མཐུན་བྱུང་། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ཧྲང་ཧའེ་མུ་འབྲེལ་ཁེ་ལས་སྤྱི་ཁྱབ་པུའུ་རུ་བསྐྱོད་དེ་འབྲེལ་མཐུད་ངོ་འཕྲད་གྲོས་མོལ་བྱས་པ་དང་། ཁེ་ལས་ཁག་གཅིག་གིས་ཐོན་རྫས་མཁོ་སྤྲོད་བྱེད་པའི་རེ་འདུན་གྲོས་མཐུན་བྱུང་།
རང་རེའི་ཞིང་ཆེན་གྱིས་ད་དུང་ཁེ་ལས་གཙོ་བོ་མང་པོར་འཚམས་འདྲི་བྱས་ཤིང་། ནུས་ཁུངས་གཙང་མ་དང་། ལྗང་ཆིང་གསར་སྤེལ། ཞིང་འབྲོག་ཐོན་རྫས་མཁོ་སྤྲོད་འཁོར་འབྲེལ་སོགས་མངའ་ཁོངས་ལ་དམིགས་ནས་གྲོས་མོལ་བྱས་ཏེ་ཚོང་འགུགས་དངུལ་འདྲེན་དང་ཐོན་རྫས་ཕྱིར་འཚོང་གི་བར་སྟོང་ཆེན་པོ་སྔོག་འདོན་བྱས། །