《གསང་ཡུལ་ནང་ཆེན》ཚད་བརྒལ་བྱུང་ནས་གཙང་གསུམ་འབྱུང་ཡུལ་གྱིས་སྐྱེ་ཁམས་ཕྱིར་མངོན་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ11པའི་ཚེས10ཉིན། 《མདུན་དུ་བསྐྱོད་པ》ཞེས་དུས་ཚིགས་གསུམ་པའི་ལེ་ཚན《གསང་ཡུལ་ནང་ཆེན》ཞེས་པ་སྔར་བཞིན་བརྙན་འཕྲིན་སྟེགས་བུ་ཁག་ཏུ་རྒྱུན་མཐུད་ངང་བསྟན་བཞིན་ཡོད་པ་དང་། བརྙན་ནང་གི་འབྲེལ་ཡོད་ཚན་པ་རྣམས་དྲ་གྲོགས་ཚོས་བརྒྱུད་སྤེལ་མང་པོ་བྱས་ཤིང་། མཆན་འགོད་སར་དགའ་རྟགས་དང་བསམ་ཚུལ་རྒྱུན་ཆད་མེད་པར་ཐོན་ཡོད་ལ། ལྟད་མོ་པ་མང་པོས་ཆུ་གསུམ་འབྱུང་ཁུངས་ཀྱི་མཛེས་སྡུག་སྲུང་སྐྱོབ་བྱེད་པའི་གཏམ་རྒྱུད་ལ་སེམས་འགུལ་ཆེན་པོ་ཐེབས།

ཟླ10བའི་ཟླ་མཇུག་ཏུ། ཏུང་ཧྥང་འཁོར་སྐར་འཕྲིན་ལམ་གྱི་སྤྱི་ཕན་དངོས་བཤུས་གློག་བརྙན《མདུན་དུ་བསྐྱོད་པ》ཞེས་པའི་དུས་ཚིགས་གསུམ་པའི་ལེ་ཚན《གསང་བའི་ནང་ཆེན》གཏོང་བ་དེས་མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྐྲུན་པའི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད། འཁྲབ་སྟོན་པ་ཧུའུ་གོ་དང་ཁྲེན་ལུང་གཉིས་ཀྱིས་"སྐྱེ་ཁམས་མཉམ་སྐྲུན་མཁན"གྱི་ངོས་ནས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ནགས་ཚལ་ཁྲོད་བསྐྱོད་དེ། ཀྲུང་གོ་ཚན་རིག་གླིང་གི་འབུམ་རམས་པ་ལེན་ཞིན་མིང་ཚོགས་པས་དམར་ཕྱི་འོད་གློག་འཕྲུལ་ཆས་སྒྲིག་སྦྱོར་བྱེད་པ་དང་སྐྱེ་དངོས་སྣ་མང་རང་བཞིན་བརྟག་དཔྱད་ནང་ཞུགས་པ་སོགས་བྱས་པ་མ་ཟད། བརྙན་འཕྲིན་བརྒྱུད་ནས་རྒྱལ་ཡོངས་ཀྱི་ལྟད་མོ་བ་རྣམས་ལ་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ལག་ལེན་ཁྲོད་ཀྱི་གསོན་ཉམས་ལྡན་པའི་ཆ་མངོན་པར་བྱས་ཏེ་རི་གསེབ་ཏུ་སྦས་ཡོད་པའི་ནང་ཆེན་གྱི་སྐྱེ་ཁམས་གཏམ་རྒྱུད་དེ་རི་བོ་བརྒལ་ནས་མི་ཁྲི་སྟོང་མང་པོར་བསྟན།

ལེ་ཚན་ལས་ཁྱབ་བསྒྲགས་བྱས་པའི་ལྟ་ཞིབ་གཞི་གྲངས་ཁག་ཅིག་གིས་ནང་ཆེན་རྫོང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་ཐད་ཀར་མངོན་ཡོད་པ་དང་། 2025ལོའི་ཟླ་བདུན་པ་ནས་བཟུང་ལོ་གཅིག་ལྷག་གི་རིང་ལ། མཉམ་འབྲེལ་རུ་ཁག་གིས་བསྡོམས་པས་དམར་ཕྱི་འོད་གློག་འཕྲུལ་ཆས138དང་སྒྲ་ཕབ་ཡོ་བྱད2བཙུགས་ནས་རི་དྭགས་རིགས་སྣ་ཚོགས་ཀྱི་པར་རིས38760དང་བྱ་རིགས་ཀྱི་པར་རིས2709བླངས་ཤིང་། ཕན་ནུས་ལྡན་པའི་ལྟ་ཞིབ་གཞི་གྲངས་ཐེངས་གྲངས་ཁྲི12.3ལྷག་ཐོབ་ཡོད། ཚན་རིག་ཞིབ་འཇུག་ལྟར་ན། ནང་ཆེན་རྫོང་གི་མངའ་ཁོངས་སུ་སྲོག་ཆགས་རིགས52ཟིན་ཐོར་བཀོད་ཡོད་པ་དང་། དེའི་ནང་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་བྱ་ཡུལ་གངས་གཟིག་དང་གླག་རྒོད་སོགས་རིགས་དྲུག་ཚུད་ཡོད། ད་ལོའི་ཟླ་བཞི་པར་ནང་ཆེན་ས་ཁོངས་སུ་ལོ་ངོ་དགུ་འགོར་རྗེས་སླར་ཡང་རི་སྐྱེས་ཤྭ་བ་དཀར་པོ་མཐོང་བ་དང་། དེ་ནི་རྒྱུད་འགྱུར་ཧ་ཅང་དཀོན་པའི་ངོས་ར་སྤྲོད་བྱུང་བ་དང་ཀུན་གྱིས་དོ་སྣང་ཆེན་པོ་ཐོབ། ཟླ8པའི་ཟླ་མཇུག་ཏུ་མཇུག་སྒྲིལ་པའི་སྐབས་གསུམ་པའི་ནང་ཆེན་རྫོང་གི་རང་བྱུང་འཚོལ་ཞིབ་བྱེད་སྒོ་རུ། ཚོགས་པ་བཅུ་དྲུག་གིས་ཉིན་གསུམ་ནང་རྩི་ཤིང་སྲོག་ཆགས་རིགས318ཐོ་འགོད་བྱས་པ་དང་ཛ དེ་དག་ལས་རྒྱལ་ཁབ་རིམ་པའི་རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་རིགས34ཙམ་ཟིན་པ་འདིས་མཚོ་བོད་མཐོ་སྒང་དང་འཕྲེད་བཅད་རི་རྒྱུད་བར་མཚམས་ཀྱི"སྐྱེ་དངོས་གཞི་རྒྱུའི་མཛོད་"འདིའི་རིན་ཐང་ཐུན་མོང་མ་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད།

ནང་ཆེན་རྫོང་ནི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བྱེད་ནུས་ལྟེ་གནས་ཁུལ་ཡིན་ཞིང་། ཉེ་བའི་ལོ་འགའི་རིང་རྫོང་འདིར་ཁོར་ཡུག་བདག་སྐྱོང་མི་སྣ7668བཀོད་སྒྲིག་བྱས་ཏེ་རྒྱུན་ལྡན་སྐོར་གཡེང་ལག་བསྟར་བྱས་པ་དང་། དམར་ཕྱིའི་ལྟ་ཞིབ་དྲ་རྒྱ་འཛུགས་སྐྲུན་བྱས་ནས་གསའ་དང་གླ་རྩི་ཅན་སོགས་མཚོན་བྱེད་སྲོག་ཆགས་གཙོ་གནད་ཅན་གྱི་གནས་སྤོའི་ལམ་ཐིག་མུ་མཐུད་དུ་རྩད་གཅོད་བྱེད་བཞིན་ཡོད། ཁོར་ཡུག་སྲུང་སྐྱོབ་ལས་དོན་ས་ཚིགས་དངོས་སུ་བཙུགས་པ་དང་བསྟུན། ས་གནས་འདི་གར"ཚན་ཞིབ་ལས་ཁུངས་དང་ས་གནས་དོ་དམ་མང་ཚོགས་བཅས་ཟུང་འབྲེལ"བྱས་པའི་སྲུང་སྐྱོབ་བརྒྱུད་རིམ་ཆ་ཚང་མངོན་འགྱུར་བྱུང་སྟེ། སྐྱེ་ཁམས་སྲུང་སྐྱོབ་ལས་དོན་དེ་སྲིད་གཞུང་ཁོ་ནར་བརྟེན་པ་ནས་སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པའི་བྱ་གཞག་རླབས་ཆེན་ཞིག་ཏུ་གྱུར་ཡོད།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།