
སྔོན་མར་ཕ་ལགས་དང་འབྲེལ་བའི་ལྷུག་རྩོམ་རེ་གཉིས་ཤིག་བྲིས་ནས་སྤེལ། དེ་རུའང་ཁོང་གི་དཔེ་ཀློག་གི་མི་ཚེ་དང་དཔེ་ཀློག་ལ་བརྟེན་ནས་བརྩམས་ཆོས་འབོར་ཆེན་ཞིག་གྲུབ་དང་འགྲུབ་བཞིན་ཡོད་པ་ཟུར་ཙམ་གླེང་ཡོད། ད་ནི་ཁོང་གི་བརྩམས་ཆོས་པོད་གྲངས་བཅོ་ལྔར་ཉེ་བ་ལས་ཁོ་རང་ཉིད་དང་ཡང་ན་དཔེ་སྐྲུན་ཁང་གི་རེ་བ་ལྟར་འདོར་ལེན་ཅི་རིགས་བརྒྱུད་ནས། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་གྲངས་དང་རྟེན་འབྲེལ་བསྒྲིགས་པའི་པོ་ཏི་བཅུ་གཉིས་ཀྱི་བདག་ཉིད་ཅན། 《བྱང་ཆུབ་འཇམ་དབྱངས་སྐྱབས་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས》སྤྱི་ཟླ་བརྒྱད་པའི་ནང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས། བརྩམས་དེབ་སྒོར་ཐོན་པའི་ཉིན་མོ་དེར་ང་རང་ཟི་ལིང་གི་སྨན་ཁང་ཞིག་ཏུ་གཞང་འབྲུམ་གཤའ་བཅོས་བྱས་ནས་ཞག་སྡོད་གསོ་བཅོས་བྱེད་བཞིན་ཡོད་ནའང་། བཟའ་མི་ཡོངས་ཀྱིས་གཞིས་ཁྱིམ་དྲོན་མོའི་སྐད་འཕྲིན་ནང་འབྲེལ་ཡོད་ཀྱི་པར་རིས་དང་རྟེན་འབྲེལ་ཞུ་བའི་ཡི་གེ་སོགས་བསྐུར་ཡོང་པས། སེམས་འགུལ་ཐེབས་པའི་ཚོར་བ་དྲག་པོ་ཞིག་གིས་ཡོངས་སུ་གཅུད་དེ་སྐབས་དེའི་ན་ཟུག་སོགས་གཏིང་བརྗེད་དུ་གྱུར་ནས་དགའ་སྤྲོ་ཡི་མིག་ཆུས་ཕྱི་ནང་གཉིས་ཀ་བརླན་པར་བྱས། ལོས་ཡིན་ཏེ། ཕ་ལགས་ཀྱི་མི་ཚེ་གང་བོའི་འགྲོ་འདུག་ཉལ་འཆག་སོགས་ལ་ཆ་རྒྱུས་ཆེས་ཟབ་པ་ནི་ང་རང་ཁོ་ན་ཡིན་པས། ཆུ་ཚོད་སྐར་མ་འགའི་ཡུན་ཐུང་གི་ཕྱིར་དྲན་ཁྲོད་ཕ་བུ་ཡིན་ཡང་ཕ་་ལ་བཅོས་མིན་གྱི་དད་སེམས་ཤིག་དང་མ་བུ་ཡིན་ཡང་མ་ལ་ཟོལ་མེད་ཀྱི་ཡི་རང་ཞིག་རླབས་ཕྲེང་ཇི་བཞིན་འགོག་མེད་དུ་འཕྱུར་ཡོང་། ཕ་ལགས་ཀྱིས་མི་ལོ་བཞི་བཅུའི་ཡུན་ལ་མི་རིགས་སྐད་ཡིག་སློབ་གསོའི་ལས་དོན་ལ་མགོ་འབུལ་ལུས་འབུལ་བྱས་ནས་འོངས་ཤིང་། རྒན་ཡོལ་བྱས་རྗེས་ཀྱི་མི་ལོ་བཅུ་ཕྲག་ལྷག་གི་རིང་ལའང་རང་ཤོང་ཁང་མིག་གྲུ་བཞི་རུ་ལྟོ་སྐྱ་གོས་ཧྲུལ་ངང་སྔར་ཡོད་ཀྱི་སློབ་ཁྲིད་དཔྱད་ཡིག་རྣམས་ལ་དག་བཅོས་ཁ་སྐོང་དང་། གདན་ཐོག་གཅིག་ནས་རང་རིགས་ཀྱི་རིག་པའི་གཞུང་ལུགས་དག་ལ་ཐོས་བསམ་ཡ་མ་བྲལ་བ་གནང་ཞིང་། སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ལ་ཁ་མིག་ཡར་ལྟ་བྱས་ནས་གཞུང་གི་དཀའ་གནད་གསེད་བཀྲོལ་དང་དམ་པའི་རྣམ་ཐར་རྩོམ་པ་སོགས་ཀྱི་ལས་ལ་མཐའ་གཅིག་ཏུ་གཞོལ་བའི་ཚུལ་ནི། བུ་ངན་པས་རང་བསྟོད་དང་བྱ་ངན་པས་སྒྲོ་བསྟོད་ཀྱི་དཔེ་རུ་སོང་ཡང་སྙིགས་མའི་དུས་འདིར་འདི་ལྟར་རང་གི་སྒོ་གསུམ་བྱ་ར་ཐུབ་པའི་ལས་ལ་ཚེ་འདིའི་བུ་ཕྲུག་ཏུ་གྱུར་ཀྱང་མགོ་བོ་དང་གར་མི་སྨད་པའི་རང་དབང་ཞིག་ཡེ་ནས་མི་འདུག དེ་ལས་ལྡོག་སྟེ། གུས་པ་ང་རང་ནི་དུས་རྒྱུན་ཟང་ཟིང་ལ་མགོ་འཁོར་ཞིང་རྩག་རྩིག་གི་དོན་དུ་འདོད་པ་ལ་མཐའ་མེད་པ་ཞིག་ཡིན་ཏེ། མཚམས་རེར་ཕ་ལགས་ཀྱི་འགྲོ་འདུག་ལ་ཡི་མ་རངས་པར་གནས་ལུགས་ཡོད་མདོག་ཁ་པོས། ད་ནི་ཁྱེད་རང་རྒན་ཡོལ་བྱས་ཟིན་པས་ད་དུང་ཤོག་ཧྲུལ་མང་པོའི་གསེང་ནས་ཕྱིར་ཐར་མི་ཐུབ་པ་འདི་ཅི། རྒན་ཡོལ་བྱས་ཟིན་པའི་ལས་བྱེད་གཞན་དག་དང་འདྲ་བར་ས་སྐྱིད་ས་དང་ཁམས་དྭངས་ས་སོགས་ལ་ཡུལ་སྐོར་རུ་སོང་ན་མི་ཆོག་གམ། གོས་ཡག་པོ་གོན་ནས་ཟས་ཞིམ་པོ་ལ་རོལ་ན་མི་ཆོག་གམ། ཡང་ན་སྡོད་ཁང་ཡག་པོ་དང་མོ་ཊ་བཟང་པོའི་ནང་དུ་བསྡད་ན་མི་ཆོག་གམ་ཞེས་དོན་གཏམ་དང་ཀུ་རེ་འདྲེས་མས་ལེ་བདའ་ཐེངས་མང་པོ་བྱས་ཀྱང་དེ་དག་ནི་བོང་བུའི་རྣ་ལ་སྒྲ་དབྱངས་ལྟ་བུ་ཡིན་པ་མ་ཟད། ཨ་མ་ལགས་ཀྱིས་ཀྱང་མ་རངས་པའི་ཚུལ་གྱིས། ཁྱོད་ཡུལ་ལ་ཐོན་ཐེངས་རེར་ཨ་ཕའི་སེམས་གཅོལ་བྱེད་ཀྱི་སྐད་ཆ་དག་དག་བཤད་ནས་རྗེས་མར་ཁོའི་མདུན་ནས་སྐད་ཆ་དེ་རིགས་མ་བཤད་ན་མི་ཆོག་གམ་ཞེས་ཕ་ལགས་ཀྱི་གཞོགས་ནས་ཀ་ལངས་ལངས་བྱེད། རེད་ཡ། སྐབས་འདི་ནས་ཨ་མ་ལགས་ཀྱང་ཅུང་ཟད་གླེང་དགོས་ཡོད་དེ། ཨ་མ་སློབ་གྲྭར་སོང་མ་མྱོང་བས་ཡི་གེ་མི་ཤེས། ཨ་མ་ཕྱི་ལོགས་ལ་འགྲིམས་མ་མྱོང་པས་མཐོང་རྒྱ་མི་ཆེ། ཡིན་ནའང་ཨ་མའི་ཁོག་རྒྱ་ཡངས་ཤིང་རྒྱ་ཆེ། ཨ་མས་མི་ཚེ་གང་པོར་ལག་ཏུ་ཕྱགས་མ་དང་སྐྱོགས་བུ་ཐོགས་ནས་ཡོང་ན་ཡང་ཨ་མའི་བློ་ཁོག་ཤིན་ཏུ་ཆེ། དགྲ་འདུལ་གཉེན་སྐྱོང་གི་འཇིག་རྟེན་འདི་ནས་ཨ་ཕས་མི་ཚེ་གཅིག་ལ་དཔེ་ཆ་ཁོ་ན་བསྣོགས་ཀྱང་མི་འདོད་པའི་ཡ་ལན་ཚིག་གཅིག་ཀྱང་བཤད་མྱོང་མེད། ལྟོ་གོས་གཏམ་གསུམ་གྱོང་ལ་བསྐུར་ཡང་མི་འདོད་པའི་མིག་ཟུར་གཅིག་ཀྱང་བསྟན་མྱོང་མེད། གལ་ཏེ་ཕ་ལགས་ཀྱི་བརྩམས་ཆོས་ལ་གཞན་ལ་ཕན་ཐོགས་པའི་འབྲས་བཟང་ཞིག་མཆིས་ན། དེའི་ཕན་ཡོན་ཕྱེད་ཀ་ནི་ཕ་ལགས་ལ་ཞབས་ཞུ་ཚུལ་བཞིན་བསྒྲུབས་པའི་ཡི་གེ་མི་ཤེས་པའི་ཨ་མ་ལགས་ལ་ཐོབ་པ་ཐེ་ཚོམ་མི་དགོས།

བརྩམས་ཆོས་ཤིག་པར་བསྐྲུན་འགྲེམ་སྤེལ་བྱེད་དགོས་ན་རྩོམ་མཁན་ཁོ་ན་ལ་བརྩོན་འགྲུས་ཡོད་པ་ཞིག་གིས་ག་ལ་ཆོག ལྷག་པར་དུ་བརྩམས་ཆོས་པོ་ཏི་བཅུ་གཉིས་པར་བསྐྲུན་འགྲེམ་སྤེལ་བྱེད་དགོས་ན་དེ་བས་ཀྱང་བཤད་ག་ལ་དགོས། དེ་ལ་རྒྱུ་ཤུགས་དང་མི་ཤུགས་སོགས་འབྲེལ་བ་ངེས་ཅན་ཞིག་དགོས་མོད། མི་ལོ་བཅུ་ཕྲག་རིང་མཚམས་པ་ལྟ་བུར་བཞུགས་པའི་ཕ་ལགས་ལ་དེ་འདྲའི་ནུས་པ་ཞིག་གང་ན་ཡོད། གཞུང་ཐོག་ནས་དཔར་ཐུབ་ན་སྙམ་པའི་འདོད་པ་སྔ་མོ་ནས་ཡོད་ཀྱང་ཐེངས་འགའ་ལ་ལམ་ལྷོངས་མ་བྱུང་། རང་གི་ཟླ་ཕོགས་ཁོ་ནར་བརྟེན་དགོས་ཚེ་དཀའ་ཁག་ཆེ་བ་ཧ་ཅང་གསལ་ནའང་། ཕ་ལགས་ཀྱིས་ཐེངས་དུ་མར་ང་ལ་བཤད་དོན། ངའི་མི་ཚེ་གང་བོར་འབད་པའི་བརྩམས་ཆོས་འདི་དག་གིས་གཞན་ལ་ཕན་སྲིད་པའི་དཔའ་གདེངས་ཅུང་ཟད་ཙམ་ཡང་མེད་ན་ཡང་། དེང་ཕྱིན་རང་གི་ཕ་མེས་ཡང་མེས་ཀྱི་མདུན་དུ་ངོ་གནོང་མི་དགོས་པ་ཞིག་བྱེད་པའི་ཆེད་དང་མི་རབས་རྗེས་མ་རྣམས་ལ་མིག་ལྟོས་ཤིག་གི་ཆེད་དུ། ང་རང་སྡོད་སའི་ཁང་མིག་གྲུ་བཞི་འདི་བཙོང་ནས་རི་ཁྲོད་ལ་འགྲིམས་དགོས་ཀྱང་འགྱོད་པ་སྤུ་ཉག་ཙམ་ཡང་མེད་ཅེས་སྤོབས་པ་ཆེན་པོས་ལབ་མྱོང་ཞིང་། དངོས་གནས་དེ་ལྟ་བུ་ཞིག་བྱ་དགོས་ཀྱང་སྙིང་སྟོབས་དེ་ལས་མི་འདའ་བའི་ཡིད་ཆེས་ང་ལའང་ཡོད། གང་ལྟར་ཕ་ལགས་ཀྱིས་དེབ་གཅིག་འབྲི་བའི་དཀའ་ཚེགས་ནི་གཞན་དང་བསྡུར་ན་ལྡབ་གསུམ་གྱིས་ཆེ་སྟེ། ཁོ་ལ་ཡི་གེ་ཀློག་ཀླད་དུ་གཏགས་པའི་གོམས་གཤིས་རྩ་བ་ནས་མེད་པས། ཐོག་མར་འབྲི་དེབ་སྟེང་དབུ་མེད་ཀྱི་ལམ་ནས་ཐེངས་གཅིག་གྲུབ་རྗེས་གཉེན་ཉེ་དབུ་མེད་ཆོད་པ་འགའ་རེ་བཀུག་ནས་དབུ་ཅན་དུ་ཕབ་པ་དང་། དེ་ནས་ཡི་གེ་གཏགས་ཁང་དུ་བསྐྱལ་ཏེ་ཤོག་བུ་ཐར་མོ་རེ་ལ་ཚོང་རའི་རིན་གོང་ལྟར་གཏགས་བསྒྲིགས་དང་བཅོས་བསྒྲིགས་བྱས་ནས་གྲུབ་པར་བྱས། དེབ་གཟུགས་གྲུབ་རྗེས་ཀྱང་དཔར་རྐྱང་མ་ཡིན་པར་འབྲེལ་ཡོད་མཁས་དབང་དང་དགེ་བཤེས་ཆེན་པོ་སོགས་ལ་འབྲེལ་བ་བྱས་ནས་དག་བཅོས་གནང་དུ་བཅུག་པ་དང་། དེབ་རེ་ཟུང་ཞིག་གཞན་གྱི་མདུན་ནས་ལོ་ངོ་ཧྲིལ་བོ་གཅིག་དང་གཉིས་ལ་ལུས་པའང་ཡོད་པས་ཕྱིར་འཕྲོད་རྗེས་སླར་ཡང་དག་བསྒྲིགས་ཐེངས་འགའ་རེ་བྱེད་དགོས། ཉིན་ཞིག་ཁོས་ཉར་ཚགས་བྱས་ཡོད་པའི་སྣུམ་སྨྱུག་ཟད་པོ་རྣམས་ཁོང་གི་ཚ་བོ་ལོ་ན་བཅུ་གཉིས་ལ་བུད་པ་ཞིག་ལ་བརྩི་རུ་བཅུག་པས་སྣུམ་ཟད་པའི་སྨྱུ་གུའི་ཁ་གྲངས་དྲུག་བརྒྱ་ལྷག་ལ་བུད། གཞན་ཡང་དཀའ་ཁག་དེ་ཙམ་གྱིས་འགྲུབ་ན་དེ་དག་ནི་གླེང་རིན་མེད་པ་ཞིག་ཡིན་མོད། རྗེས་ནས་པར་བསྐྲུན་གྱི་ཆོག་མཆན་རེག་པའི་དཀའ་ཁག་ནི་དེ་ལས་ཀྱང་ལྡབ་འགྱུར་གྱིས་ཆེ་བ་ནི། བརྩམས་ཆོས་གྲུབ་ནས་མི་ལོ་ལྔ་དྲུག་ལྷག་གི་རིང་ལ་རང་རྒྱལ་གྱི་མི་རིགས་དཔེ་སྐྲུན་ཁང་ཡོད་ཚད་ཀྱི་སྒོ་དྲུང་དུ་རྒྱུགས་ཤིང་། འབྲེལ་ཡོད་མི་སྣ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱབ་སྐྱོར་ཐོབ་ནའང་དམངས་སྒོར་ཁྲི་བརྒྱ་ལྷག་གི་འགྲོ་གྲོན་གྱིས་ཕྱིར་སྣུར་མི་སྟེག་ག་མེད་བྱུང་ཞིང་། འགའ་རེ་ནས་དཔེ་རྟགས་རེག་པར་དུས་ཚོད་མང་པོ་འགོར་ལ་དེབ་བཅུ་གཉིས་ཀྱི་དཔེ་རྟགས་དངCIPཆ་ཚང་རེག་པར་གདེང་ཚོད་ཆེན་པོ་མི་འདུག་པས་འབྲས་མེད་དུ་གྱུར་ལ། འགའ་རེ་ལ་འབྲེལ་བ་བརྒྱུད་ནས་དངོས་སུ་པར་བསྐྲུན་བྱེད་རྒྱུར་ཁས་འཆེས་ཀྱང་རྒྱུ་རྐྱེན་ག་གེ་མོའི་དབང་གིས་ཕྱིར་སློག་བྱས་པ་སོགས་རེ་ཆད་དང་འུ་ཐུག་གི་གནས་སུ་གྱུར་པ་ཐེངས་གཅིག་མིན། ཡིན་ནའང་། རྒྱུན་ཆགས་བརྩོན་པ་མ་བཏང་བར།། བགས་ཀྱིས་བསྒྲུབས་ན་ཅི་ཡང་འགྲུབ།། ཅེས་པ་ལྟར། མཇུག་མཐར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ལོ་ངོ་གསུམ་ཡས་མས་ལ་ཞུ་དག་ནན་ཏན་ཐེངས་མང་པོ་བརྒྱུད་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས་པ་རེད།
པར་བསྐྲུན་འགྲེམ་སྤེལ་བྱས་ཆོག་པའི་ཚད་ལྡན་གྱི་དཔེ་རྟགས་དངCIPརེག་པའི་གཏམ་སྙན་ཐོས་མ་ཐག་ཕ་ལགས་ཀྱི་དགའ་སྤྲོའི་ཚོར་བ་དེ་ཕར་ཞོག གུས་པ་ང་དང་བཅས་པའང་དགའ་བའི་གཏམ་གྱིས་བཟི་སྟེ་མཚན་མོ་གཉིད་མི་ཡོང་བའི་ཚད་ལ་ཐོན། བརྩམས་ཆོས་སྒོར་ཐོན་པའི་ཉིན་མོ་ནས་བཟུང་། ཕྱོགས་སོ་སོའི་ཁོང་གི་སློབ་མ་དང་དགེ་གྲོགས། ནང་གྲོགས། བླ་མ་དགེ་བའི་བཤེས་གཉེན་སོགས་ཀྱིས་དྲ་སྟེང་དང་ཁ་པར་གང་རུང་ནས་རྟེན་འབྲེལ་གྱི་ཤིས་ཚིག་དང་བཅས་ཏེ་ལྷག་བསམ་ཟོལ་མེད་ཀྱིས་བཀྲ་ཤིས་རྟེན་འབྲེལ་ཞུས་ཤིང་། ཁོང་གི་སྐུ་ཚེ་རྒྱལ་མཚན་བརྟན་པའི་སྨོན་ཚིག་གི་མེ་ཏོག་རྒྱལ་ཕྱི་ནང་ཀུན་ཏུ་ཁ་བའི་འདབ་མའི་ཟོལ་གྱིས་འཕུར། སྐབས་དེར་གུས་པའི་གཟུགས་ཕུང་ད་དུང་དེ་འདྲའི་བདེ་ཐང་ཞིག་མིན་ནའང་། ཁོང་གི་སློབ་མ་དང་ང་ཚོ་ནང་མི་དག་གི་འདོད་ཚུལ་གཅིག་ཏུ་བབས་པ་ནི་བརྩམས་ཆོས་འགྲེམ་སྤེལ་ཚོགས་འདུ་ཞིག་བསྡུ་བའི་གྲབས་བྱས་པ་མ་ཟད། ད་དུང་རྟེན་འབྲེལ་ཞུ་མཁན་རྣམ་པའི་ཤིས་ཚིག་དག་ཕྱོགས་གཅིག་ཏུ་བསྒྲིགས་ནས་འཕྲིན་སྟེགས་སུ་སྤེལ་རྒྱུའི་འཆར་གཞི་སོགས་གྲ་སྒྲིག་སྣ་མང་ཞིག་བྱས་མོད། ཕ་ལགས་ཀྱི་བསམ་ཚུལ་གསལ་བོ་དེ་ག་འདྲ་ཞིག་ཡིན་པ་གསལ་ཐག་མི་ཆོད་ཀྱང་། ང་ལ་ཁ་པར་གྱི་ལམ་ནས་ཁོ་རང་འགྲེམ་སྤེལ་ཚོགས་འདུ་སོགས་འཚོགས་པར་མོས་མཐུན་མེད་པས་ཁྱོད་རང་ཚོས་དཀའ་ལས་རྒྱག་མི་དགོས་ཞེས་བཤད་པ་དང་མཉམ་དུ། གལ་ཏེ་དྲ་ཐོག་སོགས་ལ་སྤེལ་ན་ཚིགས་བཅད་ཤོ་ལོ་ཀ་ཞིག་ངེས་པར་དུ་འཇོག་རོགས་ཞེས་དེ་མ་ཐག་ཚིགས་བཅད་ཤོ་ལོ་ཀ་ཞིག་བསྐུར་བྱུང་། དེ་ནི། ༧རེབ་གོང་ལུང་པ་གདན་དུ་བཏིངས་ནས་མི་ལོ་བཞི་བཅུར་རིག་གནས་སྤེལ།།བཅུ་ཕྲག་ཟུང་གི་བླ་མར་བསྙེན་ནས་མདོ་སྔགས་ཆོས་ཀྱི་གཞུང་ལ་མཉན།།འགྲོ་ཀུན་ཕན་བདེའི་འབྱུང་གནས་བསམས་ནས་མདོ་སྔགས་རིག་གནས་རྩ་བར་བཟུང་།།ནམ་ཞར་མ་བཏང་བརྟན་པོར་བཟུང་ནས་བཅུ་ཕྲག་རིག་གནས་ཉམས་རྒུད་གསོས།།འཇིག་རྟེན་མ་འགྲུབ་མ་འཁྱོངས་ཟེར་ནས་འཕྱ་དམོད་ཇི་ལྟར་བྱས་ན་ཡང་།།འདོད་ཡོན་མ་སྤྲོས་ཆོག་ཤེས་བསྟེན་ནས་ཡོད་ཚད་ཉམས་པ་གསོ་ཕྱིར་བཏང་།།མི་ཚེ་ཐུང་ཡང་འབད་པས་བཙལ་ནས་རང་གི་འདོད་པ་དང་དུ་བླངས།།དུམ་པ་བཅུ་གཉིས་རྟེན་འབྲེལ་བསྒྲིགས་ནས་ཡབ་མེས་གོང་མའི་གནོང་འགྱོད་སེལ།།ཅེས་པ་འདིའོ།།
ཞོར་དུ་ཕ་ལགས་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས་ཀྱི་ནང་དོན་རགས་རིམ་ཞིག་སྔོན་མར་དཔེ་སྐྲུན་ཁང་འགའ་ལ་སྙན་ཞུའི་ཚུལ་དུ་གུས་པས་ཕ་དང་མཉམ་དུ་སྤྱི་སྡོམ་ཙམ་བྱས་པ་འདིར་བཀོད་ན།
པོད་དང་པོ། 《བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་ཡང་འགྲེལ་ཀ་ཀིའི་སྒྲ་དབྱངས་མཁའ་རྒྱན་མ་ཞེས་བྱ་བ་བཞུགས་སོ》ཞེས་པ་རུ། བོད་ཀྱི་བརྡ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་སྤྱི་སྐད་བེད་སྤྱོད་སྒོས་རྣམ་དབྱེ་དང་ཚིག་ཕྲད་ཀྱི་དབྱེ་འབྱེད་གསལ་བོ་དང་། བྱ་བྱེད་ལས་གསུམ་དང་བདག་གཞན་དུས་གསུམ་སོགས་གོ་སླ་བའི་སྒོ་ནས་དཔེ་དང་བཅས་ཞིབ་འགྲེལ་བརྒྱབ་ཡོད།
པོད་གཉིས་པ། 《མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཀྱི་མཆན་འགྲེལ་དང་རྒྱུན་བཀོལ་ལེགས་སྦྱར་སྐད་དང་རྒྱ་སྐད། སོག་སྐད། བརྡ་རྙིང་བཅས་ཀྱི་དབྱེ་བ་བཤད་པ》ཞེས་པ་རུ། བརྡ་དང་ཐ་སྙད་སོགས་འདྲ་བ་དང་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་མཆན་འགྲེལ་བཏབ་ཡོད་པར་མ་ཟད། རྒྱུན་བཀོལ་ལེགས་སྦྱར་གྱི་སྐད་དང་། རྒྱ་སྐད། སོག་སྐད། བརྡ་རྙིང་བཅས་ཀྱི་དབྱེ་བ་སོ་སོར་བཀར་ཡོད།
པོད་གསུམ་པ། 《བོད་ཀྱི་དམངས་སྲོལ་དང་འབྲེལ་བའི་སྐར་རྩིས་དང་སྔགས་བཀླགས་ཐབས》ཞེས་པ་རུ། དམངས་སྲོལ་སྐར་རྩིས་ལས། ནག་རྩིས་ཀྱི་སྔོན་འགྲོ་དང་། སྐར་རྩིས་མདོར་བསྡུས། སྤར་ཁ་བརྒྱད་ཀྱི་རི་མོ། སྨེ་བ་དགུའི་བརྩི་ཚུལ། རྒྱུ་སྐར་ཉེར་བརྒྱད་འཁོར་ཚུལ་གྱི་སྤྱི་འགྲོས། དུས་ཀྱི་དབྱངས་འཆར། བོད་ཀྱི་དགུ་རྩིས། གཟའ་བདུན་གྱི་མངོན་བརྗོད། མཚམས་སྐར་ངལ་བསྒྱུར། གཞན་ཡང་སྤྱི་ལོ་དང་སྲིད་ལོ་རྒྱ་བོད་ལུགས་ཀྱི་རབ་བྱུང་ལོ་གྲངས་ཀྱི་རེའུ་མིག་དང་འགྲེལ་བཤད་སོགས་ཡོད། ནང་གསེས་དུས་བཟང་རྣམ་བཤད་ལས། ལོ་དང་ཟླ་བས་དབྱེ་སྟེ་འཛམ་གླིང་སྤྱི་དང་ཁྱད་པར་དུ་བོད་མདོ་དབུས་ཁམས་གསུམ་གྱི་ཉིན་བཟང་སྐར་བཟང་རྣམས་ངོ་སྤྲོད་གསལ་བོ་བརྒྱབ་ཡོད། སྔགས་བཀླག་ཐབས་ནང་། སྒྲ་སྦྱོར་སྔར་གྱི་སྦྱོར་ཚུལ་གཙོ་བོ་སྒོས། ཡི་གེའི་ངོ་བོ་དང་ཁམས་གང་གིས་བསྡུས་ཏེ་སྐྱེ་བའི་ཚུལ་སོགས་དབྱེ་འབྱེད་གསལ་བོ་ཕྱེས་ཡོད།
པོད་བཞི་པ། 《སྙན་གཞུང་ཚངས་སྲས་བཞད་པའི་སྒྲ་དབྱངས་ཀྱི་ཟུར་འགྲེལ་བློ་གྲོས་པདྨོའི་ཁ་འབྱེད་ཅེས་བྱ་བ་བཞུགས་སོ》ཞེས་པ་རུ། བསེ་ཚང་ཁོང་གི་དཔེ་བརྗོད་རྣམས་རེ་རེ་རང་ལ་ཁྲིད་ཐོབ་པ་གཞི་བྱས་ནས་འགྲེལ་བཤད་བརྒྱབ་ཡོད།
པོད་ལྔ་པ། 《རིག་འཛིན་བྱེ་བའི་གཙུག་རྒྱན་མཁས་དབང་བླ་མ་ཚེ་རིང་གི་སྐུ་རབས་བྱུང་བ་སྐལ་བཟང་ལེགས་ལམ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ》ཞེས་པ་རུ། རེབ་གོང་སྔགས་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བླ་མ་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱི་སྐུ་ཕྲེང་བཞི་བའི་རྒྱལ་ཚབ་རིག་འཛིན་བྱེ་བའི་གཙུག་རྒྱན་མཁས་དབང་བླ་མ་ཚེ་རིང་གི་རྣམ་ཐར།
པོད་དྲུག་པ། 《མཁས་གྲུབ་བྱེ་བའི་གཙུག་རྒྱན་ངེས་པ་དོན་གྱི་རྣལ་འབྱོར་བ་ཆེན་མོ་དཔལ་ལྡན་རྡོ་རྗེའམ་མི་ཕམ་མགོན་པོའི་གསང་གསུམ་རྨད་དུ་བྱུང་བའི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་བེེཌཱུརྱའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ》ཞེས་པ་རུ། རེབ་གོང་སྔགས་མང་གི་སློབ་དཔོན་ཆེན་མོ་མཁས་གྲུབ་བྱེ་བའི་གཙུག་རྒྱན་དཔལ་ལྡན་རྡོ་རྗེ་ཚང་གི་རྣམ་ཐར།
པོད་བདུན་པ། 《ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་བཀའ་དྲིན་ཟླ་མེད་རྗེ་བཙུན་སྐལ་བཟང་བསྟན་པ་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་གསང་གསུམ་རྨད་དུ་བྱུང་བའི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་གདུང་སེལ་སྨན་གྱི་བདུད་རྩི་ཞེས་བྱ་བ་བཞུགས་སོ》ཞེས་པ་རུ། རེབ་གོང་གྱ་ས་འགར་རྩེ་དགོན་ཆེན་གྱི་བླ་མ་འགར་སྟོན་བརྒྱད་པ་རིན་པོ་ཆེའི་རྣམ་པར་ཐར་བ་མདོ་ཙམ་བརྗོད་ཡོད།
པོད་བརྒྱད་པ། 《བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་མཆན་འགྲེལ་མུན་སེལ་ཟླ་བའི་འོད་སྣང་ཞེས་བྱ་བ་བཞུགས་སོ》ཞེས་པ་རུ། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཆེན་མོའི་མཆན་འགྲེལ་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་གཙོ་བོ་དུས་རབས་དང་བསྟུན་ཏེ་ཡ་རབས་སྤྱོད་པའི་མཛད་པ་ལ་གཞོལ་ཅི་ཐུབ་ཀྱིས་འགྲེལ་བཤད་བྱས་ཡོད།
པོད་དགུ་པ། 《རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་གི་མིང་ཚིག་དཀའ་འགྲེལ་དང་བླ་མའི་བཤད་ཤེས་བུམ་བཟང་བདུད་རྩི་ཞེས་བྱ་བ་བཞུགས་སོ》ཞེས་པ་རུ། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་གི་མིང་དང་ཚིག་གི་གོ་བརྡ་འཕྲོད་དཀའ་བ་རྣམས་རེ་རེ་འགྲེལ་བཤད་བྱས་ཡོད་པ་མ་ཟད། གཞུང་ཁྲིད་སྐབས་ཀྱི་བླ་མའི་ཞལ་ཤེས་རྣམས་འཆད་ཉན་ཆད་ལྷག་ཟེད་ཙམ་མེད་པར་ཇི་བཞིན་བཀོད་ཡོད།
པོད་བཅུ་བ་དང་བཅུ་གཅིག་པ། 《གསང་ཆེན་སྔ་འགྱུར་གྱི་བསྟན་པ་བྱང་ནས་བྱང་དུ་དར་ཚུལ་གླེང་བ་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།སྟོད་སྨད་ཆ》ཞེས་པ་རུ། དེབ་འདི་གཉིས་ཀྱི་ནང་དུ་གསང་ཆེན་སྔ་འགྱུར་གྱི་བསྟན་པ་དེ་བོད་ལ་ཇི་ལྟར་དར་ཚུལ། དེ་ནས་སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་སོགས་ལ་ཇི་ལྟར་དར་བ། སྐབས་དེ་དག་ཏུ་བོད་མདོ་དབུས་ཁམས་གསུམ་ལ་གྲུབ་ཐོབ་བརྒྱ་རྩ་སོགས་ཇི་ལྟར་བྱུང་ཚུལ་གྱི་ལོ་རྒྱུས་རྣམས་གསལ་བོ་བྱས་ནས་བསྒྲིགས་ཡོད།
པོད་བཅུ་གཉིས་པ། 《རྩོམ་ཡིག་གཅེས་བཏུས》ཞེས་པ་རུ། རང་གི་མི་ཚེའི་མྱོང་བ་མིའི་རིགས་རིག་གནས་དང་ལྷག་པར་དུ་རྒྱལ་གཉེར་སློབ་གསོའི་བགྲོད་ལུགས་དང་ས་གནས་སློབ་གསོའི་འཕེལ་རྒྱས་ཕྱོགས་ལ་དུས་རབས་དང་མཐུན་པར་རྩོམ་ཡིག་ཕུལ་བ་ཐམས་ཅད་ལས་ཅུང་ཟད་གལ་ཆེ་རྣམས་འདིར་བསྡུས་ཏེ་བཀོད་ཡོད།
མཇུག་མཐར། ཕ་ལགས་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས་པོ་ཏི་བཅུ་གཉིས་བརྩེགས་པའི་མདུན་དུ་ལངས་ནས། ཕ་ལགས། ཁྱེད་ཀྱིས་དཀའ་ལས་བརྒྱ་ཕྲག་མང་པོ་ཁྱད་དུ་བསད་ནས་གྲུབ་པའི་འབྲས་བུ་འདིས་རང་རེའི་སྐད་དང་ཡི་གེ་རིག་གཞུང་བཅས་ལ་ཕན་རེ་ཐོགས་པའི་ཁ་ཚོན་ང་ལྟ་བུ་ཞིག་གིས་གཅོད་མི་ནུས་ཀྱང་། ཁྱེད་ཀྱིས་རང་གི་ཚོད་ཀྱིས་དཀའ་ལས་ཇི་འདྲ་ཞིག་བརྒྱབ་པའི་ནང་རྒྱུས་ང་ལ་གསལ་བས་ན། ཆེས་མ་མཐའ་ཡང་སྐད་ཡིག་ལ་ཞབས་ཞུ་བསྒྲུབས་པའི་སྙིང་སྟོབས་དེ་བདག་གིས་དངོས་སུ་མཐོང་ཐུབ་པས། ཇི་སྲིད་རང་རེའི་སྐད་དང་རིག་གཞུང་གནས་པ་དེ་སྲིད་དུ་དེའི་མཐུན་རྐྱེན་དུ་འགྲོ་བར་ང་ལ་ཡིད་ཆེས་དང་སྤོབས་པ་ཆེན་པོ་ཡོད། ཕ་ལགས། ད་ནི་ངལ་གསོ་རེ་གནོངས་དང་ཞེས་པའི་ཞུ་ཚིག་དང་བཅས་ཚེ་འདིའི་བུ་རུ་གྱུར་པ་ངས་ཀྱང་ཁོང་གི་སྐུ་ཚེ་རྒྱལ་མཚན་བརྟན་པའི་སྨོན་འདུན་དང་བཅས་སླར་ཡང་བཀྲ་ཤིས་རྟེན་འབྲེལ་ཞུ།།