ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས10ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་བསྡུས་པ་དང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་དོན་ཨུ་ཡོན་ལི་གོ་ཞི་ཡིས་སྒྲོག་འགྲེལ་སྙན་ཞུ་ཕུལ་བ་རེད།
སྙན་ཞུའི་ཚོགས་འདུའི་སྟེང་། ལི་གོ་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚོགས་འདུའི་གཏན་འབེབས་དང་ཟུང་འབྲེལ་བྱས་ཏེ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་དམིགས་ནས་ཚོགས་ཆེན་གྱི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སོ་སོར་ཐོབ་པའི་གྲུབ་འབྲས་གསར་པ་དང་འཕེལ་རྒྱས་གསར་པར་ཕྱོགས་སྡོམ་བྱས་པ་མ་ཟད། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་བྱེད་པའི་སྤྱིའི་བླང་བྱ་དང་འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན། དེ་བཞིན་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སོགས་ཐད་མ་ལག་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་རེད།
ལི་གོ་ཞི་ཡིས་བསྟན་དོན། བོད་ལྗོངས་ནི་མཐའ་མཚམས་མི་རིགས་ས་ཁུལ་ཡིན་པའི་ཆ་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ། “ཡིད་ཆེས་བཞི”ཇེ་དྲག་ཏུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་བཅས་བྱེད་དགོས། 《གཏན་འབེབས》ནང་བཀོད་པའི་བཀོད་སྒྲིག་གལ་ཆེན་དང་། ལས་འགན་གཙོ་བོ། ལས་དོན་གཙོ་བོ་བཅས་གཞིར་བཟུང་སྟེ། ས་གནས་རང་གི་དོན་དངོས་དང་བསྟུན་ནས་དམ་འཛིན་ཡག་པོ་བྱེད་པ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོ་ཤུགས་ཆེར་སྤེལ་བ། མཐའ་མཚམས་ས་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་ན་བསྐྲུན་པར་སྐུལ་འདེད་བཏང་སྟེ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་ནས་མཐུན་སྒྲིལ་ཕྱུག་འགྱུར་ཤེས་དཔལ་འཆམ་མཐུན་མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་གིས་བསྐྲུན་དགོས།
སྙན་ཞུའི་ཚོགས་འདུ་མཇུག་འགྲིལ་རྗེས། ལི་གོ་ཞི་ད་དུང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་ཕེབས་ནས་ཕན་ཚུན་སྤེལ་རེས་རྣམ་པས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས། ས་གནས་དེ་གའི་ཏང་ཡོན་མང་ཚོགས་རྣམས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་པ་རེད། །