«དོན་ཀུན་གྲུབ་པ»ཞེས་པ་ནི་ནོར་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་འཇར་མན་གྱི་རྩོམ་པ་པོ་ཧིར་མན-ཧེ་སའེ་ཡིས་བརྩམས་ཤིང་བྱང་གྲོལ་གྱིས་བོད་སྐད་དུ་བསྒྱུར་ཏེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་མ་ཐག་པའི་དེབ་གསར་ཅིག་ཡིན།

«དོན་ཀུན་གྲུབ་པ»ཞེས་པའི་བརྩམས་སྒྲུང་འདི་རུ་རྩོམ་པ་པོ་ཧེ་སའེ་ཡིས་རྒྱལ་བུ་དོན་གྲུབ་ཀྱི་མིང་གཡར་ཏེ་མི་སྣ་གཙོ་བོའི་མིང་ལ་དོན་ཀུན་གྲུབ་པ་ཞེས་བཏགས་ཏེ། རྒྱལ་བུ་དོན་གྲུབ་ཀྱིས་རྒྱལ་སྲིད་ལོངས་སྤྱོད་མཐའ་དག་ཐལ་བ་བཞིན་སྤང་སྟེ་དཀའ་སྤྱད་སྒོམ་སྒྲུབ་ཏུ་ཕྱིན་པ་ཇི་བཞིན། བརྩམས་སྒྲུང་འདིའི་མི་སྣ་གཙོ་བོ་དོན་ཀུན་གྲུབ་པ་ཡང་སྐྱེས་གཟུགས་ལེགས་ཤིང་ཤེས་རབ་རྣོ་བ། རྣམ་དཔྱོད་ལྡན་པ་སོགས་ཀུན་ལས་ཁྱད་དུ་འཕགས་ཤིང་བྲམ་ཟེའི་རིགས་རྒྱུད་དུ་འཁྲུངས་ཏེ། ཟས་རང་འགྲུབ་དང་གོས་རང་འགྲུབ་ཀྱི་འཚོ་བ་མ་བཅོས་ལྷུན་ཆགས་སུ་ལྡན་ནའང་། ནང་སེམས་ཀྱི་བདེན་པ་དང་མཐར་ཐུག་གི་བདེ་བ་མ་རྙེད་པའི་མནར་གཅོད་ཇེ་ཆེ་ནས་ཇེ་ཆེར་གྱུར་པས་ནགས་སུ་སྒོམ་སྒྲུབ་དགེ་སྦྱོང་ལ་འགྲོ་བའི་བློ་ཐག་བཅད།

ནགས་སུ་དགེ་སྒྲུབ་སྒོམ་སྦྱོང་ལ་འབད་དེ་སྨྱུང་བར་གནས་པ་དང་བསམ་གཞིགས་གཏོང་བ། བསམ་གཏན་ལ་བཞུགས་པ་སོགས་ལེགས་པར་མཁྱེན་ཏེ་རང་གི་སློབ་དཔོན་དག་ལས་ཀྱང་མཁས་པར་གྱུར་ནའང་། སྔར་བཞིན་ནང་སེམས་ཀྱི་སྐོམ་གདུང་སེལ་བར་མ་ནུས་པས་སངས་རྒྱས་ཤཱཀྱ་ཐུབ་པ་ལ་མཇལ་ཞིང་། དེ་ལས་ཀྱང་མི་རེ་རེའི་མྱོང་བརྒྱུད་ནི་རང་ཉིད་ཁོ་ན་ལ་དབང་བ་ལས་ཤེས་བྱ་ཇི་བཞིན་བརྒྱུད་སྤྲོད་བྱས་ཆོག་པ་ཞིག་མིན་པའི་རྟོགས་པ་སད་དེ། འཁོར་བའི་གྲོང་དུ་འཁྱམས་ནས་སྨད་འཚོང་མ་ཀ་མ་ལ་དང་ཚོང་དཔོན་ཀ་མ་སྭ་མིའི་མདུན་དུ་འཇིག་རྟེན་འཁོར་བའི་ཟང་ཟིང་དང་འདུ་འཛི་ལ་རོལ་ཅི་ཐུབ་ཀྱིས། རང་ཉིད་ལ་འཁོར་གཡོག་དང་གཞིས་ཤག་སོགས་ཡོད་པར་གྱུར་ཏེ་རང་ཉིད་ཀྱང་ཐོག་མར་རང་གིས་མཐོང་ཆུང་དང་དམའ་འབེབས་བྱ་སའི་འཇིག་རྟེན་པ་རྣལ་མ་ཞིག་ཏུ་གྱུར།

ཡིན་ནའང་དེ་ལས་ཀྱང་ཁོས་འཚོལ་བཞིན་པའི་ལམ་ཁ་མ་རྙེད་པར་ནང་སེམས་ཀྱི་སྡུག་བསྔལ་སྔར་བས་ཇེ་ཆེར་གྱུར་པས། ཡང་བསྐྱར་ཁེར་རྐྱང་དུ་ཆས་ཏེ་གཙང་འགྲམ་དུ་མཉན་པ་བ་སུ་དེ་བ་དང་ལྷན་དུ་གཙང་བོའི་སྐད་སྒྲ་ལ་ཉན། མཚན་མོའི་སྐར་ཚོགས་ལ་གཟིགས། མཇུག་མཐར་གཙང་བོའི་བཞུར་རྒྱུན་ལས། སྐྱེ་དགུ་མ་ལུས་གཅིག་ཏུ་གྲུབ་སྟེ། བཟང་ངན་དང་སྐྱེ་འཆི། བདེ་སྡུག དར་རྒུད། འཕེལ་འགྲིབ། ཡོད་ཚད་ཚེ་སྲོག་རང་སྟེང་ན་གནས་པ་ཞིག་ལས་གཞན་དུ་འཚོལ་རྒྱུ་མེད་པའི་གོ་རྟོགས་སད་པའི་གཏམ་རྒྱུད་ཀྱིས་སྤྲོས་པའི་བརྩམས་ཆོས་ཤིག་རེད།

རྩོམ་པ་པོའི་འགྱུར་དེབ་གཞན་གཉིས།
སྒྱུར་པ་པོ་ངོ་སྤྲོད།

བྱང་གྲོལ་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་སྨད་ལ་ཨ་མདོ་རེབ་གོང་དུ་སྐྱེས་ཤིང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྒྱ་བོད་ལོ་ཙཱའི་རབ་འབྱམས་ཞིབ་འཇུག་སློབ་མ་དང་། མཚོ་སྔོན་ཞིང་ཆེན་ལོ་ཙཱ་པ་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན། ལས་ཀའི་ཞོར་དུ་སྙན་ངག་གཙོས་ལྷུག་རྩོམ་དང་བསྒྱུར་རྩོམ་སོགས་དུས་དེབ་ཁག་ཏུ་བཀོད་ཅིང་། བསྒྱུར་དེབ་ལ«དམིགས་ཡུལ་གྱི་སྟོབས་ཤུགས»དང«བུ་མོར་སྤྲིངས་པའི་འཕྲིན་ཡིག་བཞི་བཅུ»སོགས་ཡོད། ད་ལྟ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་སུ་མདོ་འཛིན་པ་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་མཆིས།