མཚོ་སྔོན་གྱིས་ཐོ་འགོད་ཞབས་ཞུ་སྤུས་འདེགས་རིམ་སྤར་བྱས་ནས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་གསོན་ཤུགས་སྐུལ་སློང་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་དུས། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས《ཐོ་འགོད་ནུས་སྐྱེད་ཟབ་སྤེལ་བཏང་ནས་ཞབས་ཞུའི་ལས་རིགས་ཀྱི་ཚོང་གཉེར་བྱེད་མཁན་གྱི་གསོན་ཤུགས་ལ་སྐུལ་སློང་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས། ཐོ་འགོད་ལམ་ལུགས་བཅོས་སྒྱུར་འགོ་རྩོམ་ས་བྱས་ཏེ། ཚོང་གཉེར་བྱེད་མཁན་གྱི་ཐོ་འགོད་ལས་སྒོ་དེ་རྨང་གཞིའི་ཞབས་ཞུ་ནས་ཕན་མང་ནུས་སྐྱེད་ཀྱི་ཕྱོགས་སུ་རིམ་སྤར་བྱེད་པར་སྐུལ་འདེད་བཏང་པ་དང་། ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཚོང་གཉེར་བྱེད་མཁན་གྱི་ནང་གནས་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ལ་ཕྱོགས་ཡོངས་ནས་སྐུལ་སློང་བྱས།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་སྲིད་དོན་ཞབས་ཞུ་ལྟེ་གནས་ཁྲོམ་ར་ལྟ་སྐུལ་དོ་དམ་ཐོ་འགོད་སྒེའུ་ཁུང་དུ། ཞབས་ཞུའི་ལས་རིགས་ཀྱི་ཚོང་གཉེར་བྱེད་མཁན་མི་ཉུང་བ་ཞིག་གིས་ཐོ་འགོད་ལས་སྒོ་སྒྲུབ་བཞིན་ཡོད། ཐོན་སྐྱེད་རང་བཞིན་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་གྱིས་ཚོང་གཉེར་ཁྱབ་ཁོངས་ཀྱི་བརྗོད་དོན་སྡེབ་སྒྲིལ་ལས་སྒོའི་རིགས13གཏན་འབེབས་ཏེ། ཚོང་མིང་ཐོ་འགོད་དོ་དམ་ལེགས་སྒྱུར་བྱས་ནས་མཚོ་སྔོན་འཐེན་ཐུག་སོགས་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་པ་དང་། ལས་རིགས་ཁོངས་གཏོགས་ཀྱི་མིང་མི་འབྲི་བ་དང་། ཁེ་ལས་ཀྱིས་སྡེ་ཚོགས་ཀྱི་མིང་འབྲི་བའི་ཐོ་འགོད་ཆ་རྐྱེན་ཇེ་ཉུང་དུ་བཏང་། སྒེར་གཉེར་སྐྱེལ་འདྲེན་སོགས་ཚོང་གཉེར་ས་གནས་མེད་པའི་ལས་རྣམ་གྱི་ཐོ་འགོད་བྱེད་སྟངས་སྟབས་བདེར་བཟོས་པ་དང་། སྒེར་གཉེར་ཚོང་བའི་ལག་ཁྱེར་གཅིག་གིས་གནས་མང་པོ་ནས་ཚོང་གཉེར་བྱེད་ཆོག་པའི་རྣམ་པ་ཁྱབ་སྤེལ་བཏང་སྟེ། ཚོང་གཉེར་བྱེད་མཁན་ཆུང་གྲས་ཀྱིས་ཚོང་གཉེར་གཞི་ཁྱོན་རྒྱ་སྐྱེད་གཏོང་བར་བར་སྟོང་གསར་སྐྲུན་བྱས།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཐོ་འགོད་ཆོག་འཐུས་ཁང་གི་ལས་སྒྲུབ་མི་སྣ་ལི་ཅའོ་ཡིས་བཤད་རྒྱུར། ཚོང་གཉེར་ཁྱབ་ཁོངས་ཀྱི་སྡེབ་སྒྲིལ་ལས་སྒོ་དང་སྒེར་གཉེར་ཚོང་བའི་ལག་ཁྱེར་གཅིག་གིས་གནས་མང་པོ་ནས་ཚོང་གཉེར་བྱེད་ཆོག་པ་ཁྱབ་གདལ་བཏང་ལ། ཀུང་སིའི་ཟླ་སྒྲིལ་ཁ་གྱེས་དང་རྐང་དབང་གཏའ་འཇོག་ཐོ་འགོད་སྟབས་བདེར་བཟོས། རྒྱུ་ཆ་རིགས16སྤྲོད་མི་དགོས་པའི་སྲིད་ཇུས་དོན་འཁྱོལ་བྱས་པ་དང་།  སྔོན་ལ་འགྲེལ་བཤད་རྒྱག་པ་དང་དེའི་རྗེས་ཕྱིར་སློག་བྱེད་པའི་རྐྱེན་སྲོལ་གསར་གཏོད་བྱས་ཏེ། ཁྲིམས་བཀོད་ཀྱི་རྣམ་པ་དང་མི་མཐུན་པའི་རེ་ཞུ་ལ། ཁྲིམས་སྲོལ་དང་སྲིད་ཇུས་ཐད་ཀྱི་འགྲེལ་བཤད་ཡག་པོ་བརྒྱབ་ནས་ད་གཟོད་ཕྱིར་སློག་པར་བྱས་ནས་ལས་སྒྲུབ་ཉམས་མྱོང་ལེགས་སྒྱུར་བྱས་ཟེར།

མཚོ་སྔོན་ཞིང་ཆེན་གྱིས་དམིགས་བསལ་ཐོ་འགོད་ལས་སྒོའི་བག་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་ཚོང་གཉེར་བྱེད་མཁན་ལ་ནུས་སྐྱེད་དང་། བསྐྱར་སྒྲིག་ཐོ་འགོད་ལེགས་སྒྱུར་བྱས་ཏེ། ཀུང་སི་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་ཀྱི་ཚོང་གཉེར་བྱེད་མཁན་གྱི་ཟླ་སྒྲིལ་ཁ་གྱེས་ལ་ཡོངས་བསྒྲགས་མ་ལག་གི་རིན་མེད་སྤྱི་བསྒྲགས་ཞབས་ཞུ་མཁོ་འདོན་བྱས་ནས། སྒྲིག་སྲོལ་བཅོས་སྒྱུར་གྱི་མ་རྩའི་འགྲོ་སོང་ཇེ་ཉུང་དུ་བཏང་། རྐང་དབང་གཏའ་འཇོག་ཐོ་འགོད་དུས་་ཐོག་ཏུ་སྒྲུབ་ཚར་བར་བྱས་ནས་ཁེ་ལས་ཀྱིས་མ་དངུལ་བསྡུ་སྒྲིལ་བྱེད་པར་རོགས་རམ་བྱས། མ་རྐང་བདག་པོའི་དབང་ཤོར་དངུལ་འཕྲི་སོགས་ཀྱི་དམིགས་བསལ་ལས་སྒོ་ཚད་ལྡན་དུ་བཏང་པ་དང་།  དངུལ་གཏོང་མཁན་འབྲིང་ཆུང་གི་ཁེ་དབང་སྲུང་སྐྱོབ་བྱས། དེ་དང་ཆབས་ཅིག་ཏུ་ཐོ་འགོད་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཇེ་ཆེར་བཏང་ནས། ཚོང་དོན་ཐོ་འགོད་ཐད་ ཞིང་ཆེན་ཡོངས་ཀྱིས་ཚད་གཞི་གཅིག་འཛིན་པ་དང་ཚོང་དོན་རིགས་གཅིག་གི་ཚད་གཞི་གཅིག་མཚུངས་ཡིན་པའི་བྱེད་སྟངས་ཁྱབ་གདལ་བཏང་།

​མཚོ་སྔོན་ཕུན་ཚོགས་ཚོང་དོན་ཚད་ཡོད་ཀུང་སིའི་ལས་སྒྲུབ་མི་སྣ་ཝང་ཧའོ་ཡིས་བཤད་རྒྱུར།  དགོས་ས་མང་བའི་རྒྱུ་ཆ་མང་པོ་ཞིག་ང་ཚོ་རང་ཉིད་ཀྱིས་ཡང་ནས་བསྐྱར་དུ་སྤྲོད་མི་དགོས། རྒྱུ་ཆ་ཚང་མེད་པའི་སྐབས་སུ། ལས་སྒྲུབ་སྒེའུ་ཁུང་གི་ལས་སྒྲུབ་མི་སྣས་སྔོན་ལ་འགྲེལ་བཤད་བྱས་ནས། ང་ཚོར་ཇི་ལྟར་བཟོ་བཅོས་བྱེད་དགོས་ཚུལ་ཐེངས་གཅིག་གིས་གསལ་བོར་བཤད་པ་དང་། ང་ཚོས་ད་ལྟ་ཁེ་ལས་ཀྱིས་ལས་དོན་སྒྲུབ་སྐབས། དུས་ཚོད་ཀྱི་འགྲོ་སོང་ཇེ་ཉུང་དུ་གྱུར་ཡོད་པས་དངོས་སུ་སྟབས་བདེ་ཡིན་པ་ཚོར་ཐུབ་ཟེར།

གནད་ཁེལ་ཇུས་བསྟར་རབ་དང་རིམ་པ་བརྒྱུད། ཐོ་འགོད་ཞབས་ཞུའི་མུ་ཕྲེང་མདུན་ཕྱོགས་སུ་སྣུར་སྲིང་དང་ཕན་མང་གི་ཕྱོགས་སུ་རྒྱ་བསྐྱེད་ནས། ཚོང་གཉེར་བྱེད་མཁན་འཚར་ལོངས་འབྱུང་བར་འདེགས་སྐྱོར་བྱས།

མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཐོ་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀྲའོ་ཧའེ་ཉིང་གིས་བཤད་རྒྱུར། ཐོ་འགོད་ལ་བརྟེན་ནས་ཞབས་ཞུའི་ལས་རིགས་སོགས་ཀྱི་ལས་རིགས་ཚོང་གཉེར་བྱེད་མཁན་གྱི་འཕེལ་རྒྱས་ཐད་ནུས་སྐྱེད་བྱེད་པའི་བྱེད་ཐབས་སོ་སོ་དོན་འཁྱོལ་ཞིབ་ཚགས་བྱས་པ་དང་། ཚོང་གཉེར་བྱེད་མཁན་གྱི་ཐོ་འགོད་ལས་སྒོ་དེ་རྨང་གཞིའི་ཞབས་ཞུ”ནས་ཕན་མང་ནུས་སྐྱེད་ཀྱི་ཕྱོགས་སུ་རིམ་སྤར་ཡོང་བར་མངོན་འགྱུར་བྱས། ཚོང་གཉེར་བྱེད་མཁན་གྱི་ཐོ་འགོད་བྱ་བའི་ཚད་གཞི་ཅན་དང་། ཚད་ལྡན་ཅན། སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་ཇེ་མཐོར་བཏང་ནས། ཞབས་ཞུའི་ལས་རིགས་སོགས་ཀྱི་ལས་རིགས་ཀྱི་ཚོང་གཉེར་བྱེད་མཁན་གྱི་གསོན་ཤུགས་སྐུལ་སློང་བྱས་ཏེ། ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་དང་། ཞབས་ཞུའི་ལས་རིགས་སྤུས་ལེགས་ནུས་ཆེའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ཁྲོམ་རའི་ལྟ་སྐུལ་དོ་དམ་ཕྱོགས་ཀྱི་སྟོབས་ཤུགས་བཏོན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།